ཨོ་བྷ་མའི་འཛིན་སྐྱོང་གི་མི་སྣ་རཱི་ཆར་ཧོལ་བྷུ་རོག་འདས་གྲོངས།
ཟླ་འདིའི་ཚེས་༡༤ ཉིན་ཨ་རིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། དགུང་ལོ་༦༩ ལ་སོན་པའི་ཨབ་གྷན་ནི་སི་ཐན་དང་པཱ་ཀི་སི་ཐན་གཉིས་ཀྱི་ལས་དོན་ཐད་དམིགས་བསལ་སྐུ་ཚབ་རཱི་ཆར་ཧོལ་བྷུ་རོག་མཆོག་ལ་སྙིང་གི་ན་ཚ་བྱུང་ནས་བཤའ་བཅོས་བྱེད་སྐབས་གནས་གྲོངས་སུ་ཕྱིན་ཡོད་པ་རེད། ཁོང་ནི་ཕྱི་ལོ་༡༩༦༢ ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་ཇོན་ཁིན་ནི་ཌཱ་སྐབས་ནས། ཨ་རི་དང་ཝི་ཊི་ནཱམ་གྱི་དམག་འཁྲུག་དབར་ཕྱི་སྲིད་སྐུ་ཚབ་མཐུན་འབྲེལ་གྱི་ཕྱག་ལས་གནང་། དེ་རྗེས་ཡུ་རོབ་ཀྱི་རྒྱལ་ཁབ་ནང་ཁུལ་དུ་འཁྲུག་འཛིང་བྱུང་སྐབས། ཨ་རིའི་ཕྱི་སྲིད་ལས་དོན་གྱི་ཐུགས་འགན་བཞེས་ནས་ལས་དོན་ནུས་པ་ཅན་མང་པོ་བསྒྲུབས་ཡོད་པ་དང། དེ་བཞིན་༢༠༠༩ ལོར་སྲིད་འཛིན་ཨོ་བྷ་མས་འཛིན་སྐྱོང་གི་ཐུགས་འགན་བཞེས་ནས་ཡུན་རིང་མ་སོང་བར། ཨབ་གྷན་ནི་སི་ཐན་དང་པཱ་ཀི་སི་ཐན་གཉིས་ཀྱི་ལས་དོན་ཐད་དམིགས་བསལ་སྐུ་ཚབ་ཏུ་བསྐོ་བཞག་གནང་ཡོད་པ་རེད།
སྐུ་ཚབ་རཱི་ཆར་ཧོལ་བྷུ་རོག་ཁོང་འདས་གྲོངས་སུ་ཕྱིན་པ་འདིས་ཨ་རིའི་ཕྱི་སྲིད་ཀྱི་འཛིན་སྐྱོང་ཐད་ལ་གྱོང་གུད་ཆེན་པོ་བྱུང་ཡོད་པ་དང། ལྷག་དོན་བདུན་རྗེས་མར་ཨ་རིའི་འཛིན་སྐྱོང་གི་ངོས་ནས་ཨབ་གྷན་ནི་སི་ཐན་དང་པཱ་ཀི་སི་ཐན་གཉིས་ཀྱི་ལས་དོན་བསྐྱར་ཞིབ་བྱས་པ་རྣམས། མི་མང་ལ་ཁྱབ་བསྒྲགས་ཀྱི་ལས་འགུལ་གྲ་སྒྲིག་བྱེད་བཞིན་པའི་སྐབས། རྒྱལ་ཁབ་དེ་གཉིས་ཀྱི་དམིགས་བསལ་སྐུ་ཚབ་འདས་གྲོངས་སུ་ཕྱིན་པ་འདི་བློ་འཚབ་སྐྱེ་གཞི་དང། དེ་བཞིན་འབྱུང་འགྱུར་ཨ་རིའི་ཕྱི་སྲིད་ལས་དོན་གྱི་ཐད་ལ་ཉམ་ཆག་འགྲོ་སྲིད་པའི་སེམས་འཚབ་བྱེད་མཁན་ཡང་བྱུང་ཡོད་པ་རེད།
མྱ་ངན་གྱི་སྐབས་སྲིད་འཛིན་ཨོ་བྷ་མས། “སྐུ་ཞབས་རཱི་ཆར་ཧོལ་བྷུ་རོག་དམ་པ་དེ་ཕྱི་སྲིད་ལས་དོན་གྱི་ཐད་ལ་ཐུན་མོང་མ་ཡིན་པའི་ནུས་པ་ཐོན་གྱི་ཡོད་པ་དང། ཁོང་ནི་རྒྱལ་ཞེན་ཆེ་བ། ཞི་བདེ་ལ་དགའ་བའི་མི་སྣ་གལ་ཆེན་ཞིག་ཡིན་”ཞེས་དང། ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཁི་ལིན་ཊོན་གྱིས། “སྐུ་ཞབས་རཱི་ཆར་ཧོལ་བྷུ་རོག་དམ་པ་དེ། ཨ་རིའི་མི་མང་གི་སྤྱི་ཚོགས་ཞབས་ཞུའི་ཆེད་དུ་ཡོད་ཚད་བློས་གཏོང་མཁན་དང་། བྱམས་བརྩེ་ཆེ་བ་བཅས་ཡིན་པས། ཁོང་འདས་གྲོངས་སུ་ཕྱིན་པ་འདིས་མི་མང་ལ་སྡུག་བསྔལ་ཆེན་པོ་བྱུང་ཡོད་”ཅེས་དང། དབྱིན་ཇིའི་སྲིད་བློན་ཟུར་པ་ཊོ་ནི་བྷི་ལཱར་གྱིས། “ཁོང་གིས་འཛམ་གླིང་ཐོག་དྲང་བདེན་དང་ཞི་བདེའི་ཆེད་དུ་ལེགས་སྐྱེས་ཕུལ་བ་དང། མི་མང་གི་ཆེད་དུ་ལས་དོན་བསྒྲུབས་ཡོད་པ་བཅས་ནི་ཆེས་གུས་བཀུར་ཡོད་པ་ཞིག་ཡིན་”ཞེས་གསུངས་ཡོད་པ་རེད།།
{jcomments on}
.