དེབ་དེའི་གཞི་འཛིན་ས་གཙོ་བོ་བཀའ་བསྟན་གཉིས་ཡིན་འདུག

བགྲོ་གླེང་ཚོགས་འདུ་འདིའི་ཐོག་ཞྭ་སེར་བསྟན་བའི་གསལ་བྱེད་ཤར་རྩེ་ཆོས་རྗེ་རིན་པོ་ཆེ་དང་། སྒོ་མང་མཁན་རིན་པོ་ཆེ་ཡོན་ཏན་དམ་ཆོས། འབྲས་བློ་གླིང་དགེ་བཤེས་རྣམ་རྒྱལ་དབང་ཆེན་ལགས་བཅས་གཟུ་དཔང་དུ་ཕེབས་ཡོད་པ་དང་། ཐོག་མར་ཤར་རྩེ་ཆོས་རྗེ་མཆོག་གིས། “སྤྱིར་བཏང་ངས་ཚན་རིག་སྐོར་ལ་ཤེས་ཀྱི་མེད་མོད། དེང་སྐབས་འཛམ་གླིང་ནང་ཚན་རིག་དང་རྐང་པ་མཉམ་གཤིབ་བྱེད་ཐུབ་མཁན་ནང་བསྟན་ཆོས་ལུགས་འདི་ཡིན་པ་དང། ལྷག་པར་ཚན་རིག་དང་ནང་ཆོས་གཉིས་ཟུང་འབྲེལ་ཐོག་དར་ཁྱབ་ཏུ་འཛམ་གླིང་འདིའི་ནང་འགྲོ་ཐུབ་པ་ཞིག་དང་། གཞན་ཡང་ཚན་རིག་ནང་གསལ་པོ་མེད་པ་ནང་པའི་གཞུང་ནས་བཤད་པའི་སེམས་ཀྱི་གནས་ལུགས་དང་རྣམ་བཞག་ངོ་སྤྲོད་བྱེད་ཐུབ་པ་སོགས་ལ་༧གོང་ས་མཆོག་གི་ཐུགས་རེ་བཞིན་འབད་རྩོན་བྱེད་དགོས་པ་རེད་”ཅེས་གསུངས་སོང་།

about books2དེ་རྗེས་བགྲོ་གླེང་གཙོ་སྐྱོང་བ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་དང། ༧གོང་ས་མཆོག་གི་སྐུའི་གསུང་བསྒྱུར་བ་དགེ་བཤེས་དགྲ་འདུལ་ལགས་གཉིས་ཀྱིས་དཔེ་དེབ་དེའི་སྒྲོམ་གཞི་ངོ་སྤྲོད་དང་འབྲེལ། ༧གོང་ས་མཆོག་གི་རླབས་ཆེན་གྱི་ཐུགས་རེ་ཡིན་པ་དང་དེའི་དགོས་པ་དམིགས་ཡུལ་བཅས་ཀྱི་ཐད་གསུང་དོན།  “༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་ཉག་གཅིག་ལ་བརྟེན་ནས་དེང་སྐབས་འཛམ་གླིང་ཁྱོན་ཡོངས་སུ་ནང་པའི་གཞུང་ནས་བཤད་པའི་ཚན་རིག་དང་ལྟ་གྲུབ་གཉིས་ཐོག་དོ་སྣང་བྱེད་མཁན་ཧ་ཅང་མང་པོ་ཡོད་པས། ༧གོང་ས་མཆོག་གིས་དཔེ་དེབ་འདི་འདྲ་ཞིག་བཟོ་ཐུབ་པ་ཡིན་ན་ནང་པ་ཡིན་མིན་ལ་མ་ལྟོས་པར་འཛམ་གླིང་ཡོངས་ཁྱབ་ལ་ཕན་ཐོགས་ཆེན་པོ་ཡོང་ས་རེད་ཅེས་ལམ་སྟོན་བཀའ་སློབ་ཕེབས་དོན་ལྟར། ཉེ་ཆར་༧གོང་ས་མཆོག་སེ་ར་དགོན་པར་ཕེབས་སྐབས་ཀྱང་གདན་ས་གསུམ་གྱི་མཁས་དབང་བདུན་ཅུ་ཙམ་ལ་ཞིག་ལ་༧གོང་ས་མཆོག་སྐུ་དངོས་ཀྱིས་དཔྱད་ཞིབ་གནང་བའི་ས་བཅད་རེ་རེ་མཁས་དབང་གཉིས་རེར་གནང་ཡོད་པ་རེད། དེར་བརྟེན། ཟླ་བ་གསུམ་གྱི་ནང་ལོགས་སུ་ཁུངས་དང་ལུང་གང་རག་ཡོད་པའི་རྩོམ་ཡིག་བྲིས་པ་དེ་རེ་རེ་བཞིན་ལྗགས་ཀློག་དང་ངོ་སྤྲོད་མདོར་བསྡུས་གནང་བའི་ཐོག་ལུང་རིག་གང་སྣོན་འཕྲི་དགོས་མིན་ལ་ཚང་མའི་གཟིགས་རྟོགས་གནང་རོགས་”ཞེས་གསུངས་སོང་།

about bood3དེབ་འདིའི་རྩ་བའི་གཞི་འཛིན་ས་གཙོ་བོ་བཀའ་འགྱུར་དང་བསྟན་འགྱུར་གཉིས་རིང་ཡིན་པ་མ་གཏོགས་གཞན་གསར་རྙིང་དང་གྲྭ་ཚང་ཕན་ཚུན་གྱི་ཡིག་ཆ་གཙོ་ཆེར་འཛིན་རྒྱུ་མིན་པ་དང་།  ཚོགས་འདུའི་ཐོག་གདན་ས་ཁག་གི་མཁས་དབང་དྲུག་ཅུ་རེ་གྲངས་ཤིག་མཉམ་ཞུགས་ཀྱིས་བཀའ་འགྱུར་དང་བསྟན་འགྱུར་གཉིས་རིང་ལ་ཁུངས་བཅོལ་ཏེ། ནང་པའི་གཞུང་ནས་བཤད་པའི་ཚན་རིག་གི་སྡེ་ཚན་དང་ལྟ་གྲུབ་ཀྱི་སྡེ་ཚན་གཉིས་སུ་ཕྱེ་ཡོད་པའི་ནང་ནས་གཟུགས་ཕྲ་རག རྡུལ་ཕྲན་ཕྲ་རག སེམས་ཕྲ་རག  སེམས་ཀྱི་བྱེད་ལས་དང་སེམས་ཀྱི་དབྱེ་བ། རྟག་པ་དང་མི་རྟག་པ། རྟེན་འབྲེལ་ཕྲ་རག་སོགས་དངོས་པོའི་གནས་ལུགས་དང་ལྟ་གྲུབ་ཀྱི་སྐོར་བརྗོད་བྱ་རེ་རེའི་རྩོམ་ཡིག་ངོ་སྤྲོད་གནང་བའི་ཐོག་བགྲོ་གླེང་གོ་བསྡུར་ལྷུག་པོ་གནང་ཡོད་པ་རེད།

དེ་ཡང་རྩོམ་ཡིག་རེ་རེར་ཤོག་གྲངས་བཅུ་ནས་བརྒྱའི་བར་ཡོད་ཚུལ་གསུངས་སོང་། དེ་བཞིན་ཚེས་༡༢ ཉིན་རྒྱབ་བགྲོ་གླེང་ཚོགས་འདུ་འདིའི་མཇུག་བསྡོམས་གཏམ་བཤད་ཐོག་ཤར་བ་ཆོས་རྗེ་མཆོག་དང་འབྲས་སྤུངས་ཁྲི་བ། སྒོ་མང་མཁན་རིན་པོ་ཆེ་སོགས་ཕེབས་ཏེ་གསུང་བཤད་གནང་དོན། དེ་རིང་གི་བགྲོ་གླེང་འདིའི་མགོ་མཇུག་བར་གསུམ་དུ་གྲྭ་ཚང་སོ་སོའི་མཁས་དབང་རྣམ་པའི་འདས་བའི་ཟླ་གསུམ་གྱི་རིང་༧གོང་ས་མཆོག་གི་ཐུགས་རེ་གནང་བ་ནང་བཞིན་གཞུང་ལུགས་ཁག་ལ་དཔེ་གཟིགས་མཐར་ཕྱིན་པ་གནང་བའི་ཐོག་ཧ་ཅང་གི་ཁུངས་ལུང་ལྡན་པའི་སྒོ་ནས་རྩོམ་ཡག་པོ་བྲིས་ཡོད་པའི་ཚང་མར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་བྱེད་ཀྱི་ཡོད་ཅེས་གསུངས་སོང་།

དེ་བཞིན་གྲྭ་ཚང་རེའི་འཐུས་ཚབ་དགེ་བཤེས་རྣམ་པས། དཔེ་དེབ་འདིའི་རྩོམ་འབྲི་བྱེད་པའི་དགོས་པ་དམིགས་ཡུལ་སོགས་བསམ་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་ཡིན་པ་སྨོས་མེད་ཐོག ང་ཚོའི་གང་ཐུབ་ཅི་ནུས་ཀྱིས་དེབ་འདིའི་ཐོག་མཐའ་བར་གསུམ་དུ་འབད་བརྩོན་གནང་རྒྱུ་ཡིན་སྐོར་སོགས་གསུངས་སོང་།།