དོལ་རྒྱལ་མ་བསྟེན་པས་ང་འདིར་ཡོང་བར་སྟབས་བདེ་པོ་འདུག

hhinkapong_1ཟླ་འདིའི་ཚེས་༩ ནས་བཟུང་༧གོང་ས་མཆོག་བཞུགས་སྒར་ནས་རྒྱ་གར་བྱང་ཤར་གྱི་ས་ཁུལ་དུ་ཆིབས་བསྒྱུར་གྱིས་མཛད་འཕྲིན་སྐྱོང་འགོ་ཚུགས་ཡོད་པ་རེད། དེ་ཡང་ཚེས་༡༠ ཉིན་རྒྱ་གར་ཡུའུ་པི་མངའ་སྡེའི་ནང་ཡོད་པའི་རྒྱ་གར་གྱི་དྷརྨ་ཆོས་ཚོགས་ཀྱིས་གདན་ཞུས་ལྟར། ནང་ཆོས་དེ་དེང་དུས་སྤྱི་ཚོགས་དང་མཐུན་ཚུལ་སྐོར་ལ་བཀའ་སློབ་གནང་བ་དང་། ཚེས་༡༡ ཉིན་རྒྱལ་སྤྱིའི་ཁྲིམས་དཔོན་ལྷན་ཚོགས་ཐེངས་༡༡ པ་དབུ་འབྱེད་གནང་ཡོད་པ་རེད། ཚེས་༡༢ ཉིན་༧གོང་ས་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་ནས་མཁའ་ལམ་བརྒྱུད་བག་ཌོ་ར་གནམ་ཐང་དུ་ཆིབས་སྒྱུར་བསྐྱངས། དེ་ནས་འབྲས་ལྗོངས་མངའ་གཞུང་གིས་ཐད་འཕུར་གནམ་གྲུའི་ཐོག་གདན་ཞུས་ཀྱིས་ཀ་སྦུག་གནམ་ཐང་དུ་ཞབས་སོར་འཁོད་རྗེས། ཁུལ་དེར་ཡོད་པའི་དགའ་ལྡན་ཐར་པ་ཆོས་གླིང་དགོན་གྱིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་ཕེབས་སྐབས། དགོན་པ་དེའི་དབུ་བླ་གྲོ་མོ་དགེ་བཤེས་རིན་པོ་ཆེ་མཆོག་དང་འདུས་མང་། ས་གནས་སུ་ཡོད་པའི་ཚོགས་པ་དང་མི་མང་གིས་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་འདུག

hhinkapong_2༸གོང་ས་མཆོག་གིས་དགའ་ལྡན་ཐར་པ་ཆོས་གླིང་བསྐྱར་བཞེངས་གནང་བ་དེར་དབུ་འབྱེད་དང་རབ་གནས་སོགས་གྲུབ་རྗེས། བཀའ་སློབ་ཕེབས་དོན། དེ་རིང་ང་རང་ཐར་པ་ཆོས་གླིང་དུ་འབྱོར་བ་འདི་ཧ་ཅང་དགའ་པོ་བྱུང་། ཀ་སྦུག་ས་ཁུལ་འདི་ནི་དུས་ཡུན་རིང་པོ་ཞིག་ལ་ང་ཚོ་བོད་དང་འབྲེལ་ལམ་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཡིན། དེ་བཞིན་དགོན་པ་འདི་ནི་ཧ་ལམ་རྒྱ་གར་ནང་བོད་ཀྱི་དགོན་པ་རྙིང་ཤོས་ལྟ་བུ་ཆགས་ཡོད། ཕྱི་ལོ་༡༩༥༦ ལོར་ང་རྒྱ་གར་དུ་སངས་རྒྱས་མྱ་ངན་ལས་འདས་དུས་དྲན་ཆེད་ཡོང་སྐབས་འདིར་འབྱོར་བ་དང་། དེ་རྗེས་ཐེངས་གཅིག་སླེབས་པ་རེད། དེ་ནས་བར་སྐབས་དགོན་པ་འདིའི་བླ་མ་དང་དགེ་འདུན་པ་ཚོས་དོལ་རྒྱལ་བསྟེན་གསོལ་ཤུགས་ཆེན་བྱས་པར་བརྟེན་ང་འདིར་ཡོང་ཐུབ་མེད། ལོ་རབས་ལྔ་བཅུའི་ནང་ངོས་ནས་ཀྱང་དོལ་རྒྱལ་བསྟན་པ་རེད། དེ་རྗེས་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བདུན་ཅུའི་ནང་ནས་བཟུང་ངོས་ནས་ཉམས་ཞིབ་དང་དོ་སྣང་བྱས་པར་བརྟེན། དེ་ནི་གདོན་འདྲེ་ཡིན་པ་གསལ་རྟོགས་བྱུང་སྟབས་ངོས་ནས་མཚམས་འཇོག་བྱས་པ་ཞིག་ཡིན། དེ་ཡང་སྐབས་དེར་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་འཚོ་བཞིན་བཞུགས་ཡོད་པར་ཆ་ཚང་ཞུས་ཏེ་རྒྱབ་སྐྱོར་གཙང་མ་གནང་བ་ཞིག་ཡིན། བར་སྐབས་དགོན་པ་འདིའི་དགེ་འདུན་པ་ཚོས་ཤུགས་ལྡན་བསྟེན་རྒྱུ་མཚམས་འཇོག་གཙང་མ་བྱས་པར་མ་ཟད། ངོས་ལ་འདིར་ཡོང་རོགས་བྱེད་ཅེས་ཇི་ལྟར་འབོད་སྐུལ་བྱས་པ་ལྟར་ཡོང་བ་ཞིག་ཡིན་ཞེས་སོགས་བཀའ་སློབ་གནང་འདུག

ཚེས་༡༣ ཉིན་༧གོང་ས་མཆོག་དགའ་ལྡན་ཐར་པ་ཆོས་གླིང་དགོན་དུ་དབུ་བླ་གྲོ་མོ་དགེ་བཤེས་རིན་པོ་ཆེ་མཆོག་དང་། ཀ་སྦུག་ས་གནས་བདེ་དོན་ལས་ཁུངས་ གཉིས་ཟུང་འབྲེལ་ཐོག་༸གོང་ས་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་ལྷུན་གྱི་འགྲུབ་ཆེད་མདོ་ལུགས་ཀྱི་བརྟན་བཞུགས་བསྟར་འབུལ་ཞུས་རྗེས། ལམ་གཙོ་རྣམ་གསུམ་གྱི་གསུང་ཆོས་གནང་ཡོད་པ་རེད།  དེ་རྗེས་བཀྲ་ཤིས་སྟེང་དང་། ར་ཝང་ལ། སྒང་ཏོག་བཅས་སུ་ཆིབས་བསྒྱུར་གྱིས་མཛད་འཕྲིན་ཁག་སྐྱོང་རྒྱུ་ཡིན་པ་རེད།།

བོད་གཞུང་དྲ་བ་ནས་གནས་ཚུལ་བསྡུ་སྒྲིག་བྱས།

{jcomments on}