ཤར་ཏུར་ཀི་སི་ཐན་དུ་དབང་པོ་སྐྱོན་ཅན་གྱི་མི་ཉོ་ཚོང།
ཟླ་འདིའི་ཚེས་༡༥ ཉིན་བྷི་བྷི་སིའི་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། དབང་པོ་སྐྱོན་ཅན་ཞིག་གིས་གསར་འགོད་པར། ཐེངས་གཉིས་ཙམ་བཟོ་གྲྭ་ནས་བྲོས་ཐབས་བྱས་ཡོད་ཀྱང་བྲོས་ཐུབ་མེད་པ་དང། དབང་པོ་སྐྱོན་ཅན་རྣམས་ལ་བྲན་གཡོག་ལྟ་བུའི་ལས་ཀ་བྱེད་བཅུག་གི་ཡོད་ཅིང། གླ་ཆ་མེད་པ་དང། གྱོན་ཆས་འོས་འཚམས་མེད་པ། ལོ་གཅིག་གི་ནང་གཟུགས་པོ་ཐེངས་གཅིག་ཀྱང་བཀྲུ་ཐུབ་ཀྱི་མེད་པ་དང། བཟོ་བདག་གི་ཁྱི་ལྟོ་དང་དབང་པོ་སྐྱོན་ཅན་ཚོའི་བཟའ་ཆས་གཉིས་གཅིག་མཚུངས་རེད་ཅེས་བརྗོད་ཡོད་པ་དང། སྤྱིར་རྒྱ་ནག་ཏུ་རང་དབང་ལྡན་པའི་ཚོང་ལས་མཉམ་འབྲེལ་མེད་པས། དེ་ལྟར་ཡོང་གི་ཡོད་པའི་བསམ་ཚུལ་ཤོད་མཁན་ཡང་བྱུང་ཡོད་པ་རེད།
དེ་དང་འདྲ་བ་སྤྲང་པོ་གསོ་ཉར་ཁང་ཟེར་བའི་ཚོགས་པ་ཞིག་གིས། མི་རེ་ལ་རྒྱ་སྒོར་༩༠༠༠ རེ་བྱས་ནས་བཟོ་གྲྭའི་འཛུགས་སྐྲུན་གྱི་ལས་ཀ་བྱེད་མཁན་ཞིག་ལ་བཙོང་ཡོད་པ་དང་། འཛུགས་སྐྲུན་པས་མི་རེར་ཟླ་རེའི་གླ་ཆ་རྒྱ་སྒོར་༣༠༠ སྤྲོད་ཀྱི་ཡོད་པ་དང། དེང་སྐབས་ས་གནས་སྲིད་གཞུང་དང་ཉེན་རྟོག་པ་ཚོས། དབང་པོ་སྐྱོན་ཅན་དང་སྤྲང་པོ་ཉོ་ཚོང་བྱེད་མཁན་ལ་ལ་འཛིན་བཟུང་བྱས་ཐུབ་ཡོད་ཀྱང། བཟོ་གྲྭའི་བདག་པོ་ད་ལྟའི་སྐབས་གར་སོང་ཆ་མེད་གྱུར་ཡོད་པ་རེད།།