བཀའ་ཁྲིའི་དངོས་གཞིའི་འོས་ཁོངས་ནས་དགོངས་ཞུ།

ཚོགས་གཞོན་རྒྱལ་རི་སྒྲོལ་མ་མཆོག་གིས་ཟླ་འདིའི་ཚེས་༡༥ འཁོད་པའི་དགོངས་ཤོག་གསལ་བསྒྲགས་ཤིག་སྤེལ་བའི་ནང། བོད་མི་མང་སྤྱི་འཐུས་རྣམ་པ་དང་བཀའ་བློན་ཁྲི་པ་བཅས་བཙན་བྱོལ་བོད་མི་ལོ་ན་སོན་པ་ཡོངས་ནས་ཐད་ཀར་འོས་འདེམས་བྱ་རྒྱུ་ཡོད་པ་ནི། ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་འོག་རང་རེ་བཙན་བྱོལ་སྤྱི་ཚོགས་སུ་མང་གཙོའི་འཕེལ་རིམ་གྱི་འབྲས་བཟང་གཡུར་དུ་ཟ་བ་ཞིག་ཡིན་པ་སྨོས་མ་དགོས་ཤིང། གུས་མོ་ལ་མཚོན་ན་ལོ་ན་ཧ་ཅང་ཕྲ་བའི་དུས་ནས་བོད་སྤྱིའི་རྩ་དོན་དང་། བོད་མིའི་སྤྱི་ཚོགས་ཀྱི་བདེ་ཐབས་བཅས་པར་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་བཟང་པོ་བྱུང་བ་དང་། ལྷག་པར་འདས་པའི་མི་ལོ་༢༠ ཙམ་རིང་ཐོབ་ཁོངས་འོས་འཕེན་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན། རང་ཅག་བཙན་བྱོལ་བོད་མིའི་གཟི་བརྗིད་ལྡན་པའི་མང་གཙོའི་འཕེལ་རིམ་ཁྲོད་དངོས་སུ་མཉམ་ཞུགས་ཀྱིས། བརྒྱུད་རིམ་ནང་གནས་ཚུལ་ཇི་ལྟར་བྱུང་རུང་ལྷག་བསམ་དང་སེམས་ཤུགས་བསྐྱེད་དེ། ཆབ་སྲིད་དང་འཛིན་སྐྱོང་གང་ཅིའི་ཐད་ནས་ཉམས་མྱོང་མི་དམན་ཙམ་ཐོབ་ཡོད་པའི་རྒྱུ་མཚན་གྱིས། པྱི་ལོ་༢༠༡༠ ཟླ་༨ ཚེས་༤ ཉིན་གསར་འགོད་ལྷན་ཚོགས་ཆེད་བསྐོང་གིས་བཀའ་ཁྲིའི་སྔོན་འགྲོའི་འོས་ཁོངས་སུ་ཞུགས་རྒྱུའི་གསལ་བསྒྲགས་ཞུས་པ་དང། ངེད་རང་བཙན་བྱོལ་སྤྱི་ཚོགས་ནང་འཚར་ལོངས་བྱུང་བའི་བུད་མེད་ཅིག་ཡིན་པའི་ཆ་ནས། ཤེས་འཇོན་གཉིས་ལྡན་གྱི་རང་རིགས་བུད་མེད་ཚོར་བློ་སྤོབས་སྐྱེ་གཞིའི་མཐུན་རྐྱེན་དུ་འགྲོ་རྒྱུར་དམིགས་པའི་དུས་ཀྱི་དགོས་མཁོ་དང་ལས་འགན་ཞིག་ལ་ངོས་འཛིན་གྱིས་བློ་ཐག་བཅད་པ་ཞིག་ཡིན།

dolma2-august12ཉེ་སྔོན་འོས་བསྡུ་ལས་ཁང་ནས་བརྡ་ཐོ་གནང་འབྱོར་ནང། ཕྱི་ཟླ་༡༢ ཚེས་༡༥ ནང་ཚུད་དངོས་གཞིའི་འོས་གཞིར་ཞུགས་འདུན་ཡོད་མེད་ལན་གསལ་འབུལ་དགོས་གསུངས་པ་ལྟར། དུས་རྒྱུན་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་དང་། རྒྱུས་ཡོད་གྲོགས་འདྲིས་མི་ཉུང་བ་ཞིག་གིས་ཐེངས་འདིར་བུད་མེད་ཅིག་བཀའ་ཁྲིའི་འོས་བསྡུ་ཆེན་མོའི་ནང་ཡོད་དགོས་པ་ཆབ་སྲིད་ཀྱི་གནད་འགག་ཡིན་ལུགས་རྒྱུ་མཚན་དང་བཅས་གུས་མོར་དགོངས་པ་མ་ཞུ་རོགས་ཞེས་གསུང་མཁན་འདུག་ཀྱང་། སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་སུ་ཐོག་མ་ནས་རེ་བ་བཅངས་པ་ནང་བཞིན་གྱི་འོས་ཤོག་འདང་ངེས་ཐོབ་མེད་སྟབས། འོས་འཕེན་པའི་མངོན་འདོད་ལ་གུས་བརྩི་ཞུ་རྒྱུ་དང། ད་དུང་མུ་མཐུད་དངོས་གཞིའི་འོས་ཁོངས་སུ་བསྡད་ན་འོས་ཤོག་ཁ་འཐོར་དུ་འགྲོ་ཉེན་དང་། སྤྱི་སྒེར་རྒྱབ་སྐྱོར་བ་ཚང་མར་སྐུ་ཚེགས་བཟོ་སྲིད་ལ། དེ་བས་ཀྱང་གུས་མོ་ལས་གནས་རྗེས་འབྲེལ་གྱི་ཐོག་ནས་རྒྱལ་ཁབ་ཕྱི་ནང་གང་སར་དྲིལ་བསྒྲགས་སུ་ངོ་བསྐྱོད་ཀྱི་དུས་ཁོམ་མེད་པ་དང་སྟབས་བདེ་མིན་ལ་བརྟེན། ད་ནངས་འོས་བསྡུ་ལྷན་ཁང་དུ་དགོངས་ཞུ་ཕུལ་ཟིན་པ་དང་བསྟུན་གསལ་བསྒྲགས་འདི་ཡོངས་ཁྱབ་ཏུ་སྤེལ་བ་ཡིན།

མ་འོངས་པར་གནས་དུས་ཀྱི་འགྱུར་བ་ཇི་ལྟར་ཕྱིན་རུང་། གུས་མོས་གཞུང་གི་ལས་གནས་ཡིན་མིན་ལ་མ་ལྟོས་པར་བོད་སྤྱི་པའི་ལས་དོན་ཕྲག་ཏུ་ལེན་རྒྱུའི་སྙིང་སྟོབས་དང་སེམས་ཤུགས་མུ་མཐུད་བསྐྱེད་དེ། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་དེ་སྲིད་དུ་ཞབས་ཞུ་བསྒྲུབ་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཅེས་ཞུ་རྒྱུ་དང་། གོ་སྐབས་འདི་བརྒྱུད་ནས་ད་བར་གུས་མོར་རེ་ལྟོས་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས། ཐེངས་འདིར་རེ་འབྲས་དོན་ལ་འཁྱོལ་མ་ཐུབ་པར་བཟོད་གསོལ་ཞུ་རྒྱུ་དང་། དེ་བཞིན་འོས་ཁོངས་སུ་ཞུགས་མཁན་དང་། འོས་ཤོག་འཕེན་མཁན་གྱི་མང་ཚོགས་ཚང་མས་འགན་ཁུར་དང་མཉམ་ཞུགས་སྔར་ལྷག་གནང་སྐྱོང་ཡོང་བའི་རེ་སྐུལ་དང་བཅས་ཕྱི་ལོ་༢༠༡༠ ཟླ་༡༢ ཚེས་༡༥ ལ།

{jcomments on}