བོད་དོན་ལ་འགན་མ་བླངས་པར་རྒས་ཡོལ་ཡིན་ཟེར་གྱི་མེད།

ཟླ་འདིའི་ཚེས་༡༣ ཉིན་༧གོང་ས་མཆོག་གིས་རྒྱ་གར་ཀ་སྦུག་ཏུ་མི་མང་ལ་ཁོང་གི་བགྲེས་ཡོལ་དང་འབྲེལ་བའི་སྐོར་བཀའ་སློབ་བསྩལ་བ་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གིས་གནས་ཚུལ་ཡོད་པ་རེད།

༧གོང་ས་མཆོག་གིས་གསུང་དོན། “ལྡི་ལིར་གསར་འགྱུར་འགོད་མཁན་ལ་སྐད་ཆ་བྱུང་བ་རེད། ངས་དེ་ནམ་རྒྱུན་སྐད་ཆ་བཤད་བསྡད་ཡོད་པ་རེད། ཡིན་ནའང་གསར་འགྱུར་འགོད་མཁན་གྱིས་སྐད་ཆ་གསར་པ་ལྟ་བུར་གོ་ནས། དེ་ཁྱབ་ཆེན་པོ་འདྲ་བཟོས། དེའི་རྐྱེན་གྱིས་རྒྱ་གར་གཞིས་ཆགས་ཁག་དང་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་ནང་སེམས་འཚབ་བྱུང་ནས་ང་ལ་སྙན་ཞུ་དེ་འདྲ་མང་པོ་འབྱོར་བྱུང། ལྷག་པར་དུ་བོད་ནང་དུའང་འགའ་ཤས་ཀྱིས་ཏོག་ཙམ་ཡ་ང་བྱས་པ་དང་བློ་ཕམ་བྱས་པ་དེ་འདྲ་ཡོང་གི་ཡོད་པ་འདྲ། དེ་ལ་བློ་ཕམ་དང་ཡ་ང་བྱེད་དགོས་པ་དེ་འདྲ་རྩ་བ་ཉིད་ནས་ཡོད་མ་རེད་”ཅེས་གསུངས་འདུག

༧མགོན་པོ་གང་ཉིད་ཀྱིས་མུ་མཐུད་གསུང་དོན། “བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་འགན་དེ་ད་ལྟའི་སྐབས་ང་ཕྱེད་བགྲེས་ཡོལ་གྱི་ཐོག་ཏུ་བསྡད་ཡོད་པ་རེད། རིང་མིན་བཙན་བྱོལ་གྲོས་ཚོགས་འཚོག་གི་རེད། དེའི་ཐོག་ཡིག་ཐོག་ནས་སྙན་གསན་ཞུ་དགོས་བསམ་ནས་བསྡད་ཡོད། རྒས་ཡོལ་ཞེས་ནམ་རྒྱུན་ཚོགས་འདུ་(གྲོས་ཚོགས་)འཚོགས་གྲོལ་བྱེད་རྒྱུ་དང་། དེ་དང་མཚུངས་པ་རྩིས་ཁྲ་ཁག་ལ་ངས་མིང་རྟགས་འགོོད་ཀྱི་ཡོད་པ་རེད། དེ་ཚོའི་གྲས་རྒྱལ་བ་རིན་པོ་ཆེའི་མིང་གནས་རྗེས་འབྲེལ་བྱས་ནས་ཧ་ལམ་རྒྱལ་ཁབ་ཅིག་གི་གཙོ་འཛིན་ལྟ་བུ་བྱས་པའི་འགྲོ་སྟངས་ཤིག་ཆགས་ཡོད་པ་རེད། དེ་ཚོ་སྒྱུར་བཅོས་གཏོང་དགོས་ཀྱི་འདུག དེ་ཚོ་བཙན་བྱོལ་སྒྲིག་འཛུགས་རང་ཉིད་ཀྱི་ཐོག་ནས་འགན་གཙང་མ་ཞིག་འཁྱེར། དེ་རེད་མ་གཏོགས་ངས་བོད་པའི་དོན་དག་ལ་འགན་མ་བླངས་པ་བྱས་ནས་རྒས་ཡོལ་ཡིན་ཞེས་ཟེར་གྱི་ཡོད་མ་རེད་”ཅེས་གསུངས་འདུག

༧གོང་ས་མཆོག་གིས་མུ་མཐུད་གསུང་དོན། “ཕྱི་ལོ་༢༠༠༡ གི་ལོ་ནས་མི་མང་གིས་མང་གཙོའི་ལམ་གྱི་ཐོག་ནས་འོས་བསྡུ་བྱས་ནས་བཀའ་བློན་ཁྲི་པ་སླེབས་ཡོད་པ་རེད་ལ། གཙོ་བོར་འགན་བཀའ་བློན་ཁྲི་པས་འཁྱེར་གྱི་ཡོད་པ་རེད། ༢༠༠༡ ནས་བཟུང་ང་ཕྱེད་རྒས་ཡོལ་སྒང་ལ་བསྡད་ཡོད་ཟེར་ནས་རྟག་པར་ཤོད་ཀྱི་ཡོད་ལ་དངོས་ཡོད་གནས་ཚུལ་དེ་ཡིན། དཔེར་ན། དེ་སྔ་ཡིན་ན་བཀའ་ཤག་གི་བཀའ་བློན་ཚོ་དང་མཉམ་དུ་ང་ཚོ་བདུན་ཕྲག་རེ་རེའི་ནང་ཚོགས་ཀྱི་ཡོད་རེད། ད་བཀའ་བློན་ཁྲི་པ་ལ་འགན་ཆ་ཚང་བཞེས་རྒྱུ་བྱུང་ཚར་པའི་རྗེས་ལ། དུས་དུས་སུ་བཀའ་བློན་ཁྲི་པ་མཇལ་གྱི་ཡོད་རེད་མ་གཏོགས། བཀའ་ཤག་ལྷན་རྒྱས་ང་ཚོ་སྒོར་སྒོར་བྱས་ནས་ཚོགས་རྒྱུ་དེ་ཧ་ལམ་ཡོད་མ་རེད། དེ་དག་ང་ཕྱེད་རྒས་ཡོལ་ལ་བསྡད་པའི་རྣམ་པ་དེ་རེད། ངས་ཕྱེད་རྒས་ཡོལ་བྱས་ནས་བསྡད། དེ་ནས་བཀའ་བློན་ཁྲི་པ་དང་བཀའ་ཤག་ལྷན་རྒྱས་དེ་དག་ལ་ང་ཕྱེད་རྒས་ཡོལ་བྱས་ནས་བསྡད་པའི་རྐྱེན་གྱིས་འཐུས་ཤོར་སོང་བ་ཏིལ་འབྲུ་ཙམ་ཡང་ཡོད་མ་རེད་ལ། འགྲིག་གི་ཡོད་རེད། ད་ཆ་རྒས་ཡོལ་རང་བསམ་བློ་གཏོང་གི་ཡོད་ཅེས་བཤད་ཀྱི་ཡོད་པ་དེ། དེ་རང་ཡིན། ངས་རྒས་ཡོལ་ཞེས་ནས་བོད་སྤྱི་པའི་དོན་དག་ལ་ཁུར་མ་བླངས་པ་དང། སེམས་ཤུགས་ཆག་པ་དེ་འདྲ་རྩ་བ་ཉིད་ནས་མ་རེད། ང་བོད་སྤྱི་འབངས་ཆགས་བསྡད་ཡོད་པ་རེད། བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ལ་བོད་སྤྱི་པའི་འགན་ཡོད་ཡོད་པ་རེད། ང་ལ་ཆ་གཞག་ན་གཞིས་ལུས་རྒྱ་ཆེའི་མི་མང་། དེ་བཞིན་བཙན་བྱོལ་མི་མང་ཧ་ལམ་བརྒྱ་ཆ་དགུ་བཅུ་གོ་ལྔ། གོ་དགུས་ཧ་ལམ་ང་ལ་ཡིད་ཆེས་བྱེད་ཀྱི་ཡོད་རེད་ལ། བློས་འགེལ་གྱི་ཡོད་རེད། དེས་ན་ངས་བོད་ཀྱི་དོན་དག་བློས་གཏོང་རྒྱུ་དང་སེམས་ཤུགས་ཆག་ནས་སྡོད་རྒྱུ་རྩ་བ་ཉིད་ནས་ཡོང་ཤེས་ཀྱི་མ་རེད། ད་ལྟ་ངས་ག་རེ་བྱེད་ཀྱི་ཡོད་རེད་ཅེ་ན། ཧ་ལམ་ལོ་ཉི་ཤུ་སུམ་ཅུའི་གོང་ནས་ངས་རྟག་པར་ཤོད་ཀྱི་ཡོད། ཁྱེད་རང་ཚོ་འགན་འཁུར་མཁན་ཚོས་འགན་གཙང་མ་འཁྱེར་ནས་རྒྱལ་བ་རིན་པ་ཆེ་མེད་པ་ནང་བཞིན་ཆགས་བཞག་སྟེ་འགན་གཙང་མ་འཁྱེར་དགོས་རེད། དེ་བྱས་པ་ཡིན་ན་ང་ཚོའི་བཙན་བྱོལ་བའི་དོན་གནད་གཙོ་བོའི་གྲས་ཏེ་ལས་བྱེད་པ་ཚོས་འགན་ཆ་ཚང་འཁུར་ཐུབ་ཀྱི་རེད་ལ། ང་ལས་ཞིབ་ཚགས་པ་དང་མགོ་ཚོས་པ་ཡོང་གི་རེད། གང་ཡིན་ཞེས་ན་ལས་ཀ་དེའི་སྒང་ལ་དུས་ཚོད་བཏང་ནས་སྡོད་ཀྱི་ཡོད་རེད་”ཅེས་གསུངས་ཡོད་པ་རེད།།

{jcomments on}