དྷ་སའི་ཉེ་འཁོར་དུ་དྲག་སྤྱོད་པ་དོགས་ཡོད་གཉིས་འཛིན་བཟུང།

 

ཟླ་འདིའི་ཚེས་༡༥ ཉིན་རྒྱ་གར་གྱི་ཧིན་དྷུ་སི་ཐན་དུས་བབ་སྟེང་གནས་ཚུལ་སྤེལ་བ་ལྟར་ན། དྷ་ས་དང་རྒྱང་ཐག་ཉེ་བའི་ས་ཁུལ་ཀོ་ཊི་ལཱ་ནང་རང་ལོ་༢༩ སོན་པའི་ཇཱ་མལ་ཟེར་བ་དང། རང་ལོ་༣༣ ལ་སོན་པའི་གྷུའུ་ལམ་ཟེར་བ་འཇིགས་སྐུལ་རིང་ལུགས་པ་ཡིན་པའི་དོགས་ཡོད་གཉིས། ས་གནས་ཉེན་རྟོག་པས་རླངས་འཁོར་ནང་འཛིན་བཟུང་བྱས་ཡོད་པ་དང། ན་གཞོན་དེ་གཉིས་ཀྱི་ཁྱིམ་གཞི་རྗ་མུ་ཀཱ་ཤི་སྨིར་གྱི་ཌོ་ཌ་རྫོང་ཁོངས་སུ་ཡོད་ཅིང། པཱ་ཀི་སི་ཐན་གྱི་ས་ཁུལ་དུ་ཡོད་པའི་འཇིགས་སྐུལ་རིང་ལུགས་པའི་ལྟེ་གནས་ཁང་ཞིག་ནས་ཡོང་བའི་དོགས་པ་ཡོད་པ་རེད།

 

ས་གནས་ཉེན་རྟོག་པས། དོགས་ཡོད་ཉེས་ཅན་པ་གཉིས་ཀྱིས་རྒྱ་ནག་ནས་བཟོས་པའི་ཐུང་མདའ་དང་། རྗ་མུ་ཕྱོགས་ཀྱི་ས་ཁྲ། མིང་དང་ཁ་བྱང་རྫུན་མ་འཁོད་པའི་ངོ་སྤྲོད་ལག་ཁྱེར་སོགས་ཁྱེར་ཡོད་པ་དང། དེའི་ནང་ནས་གཅིག་ལ་རྒྱ་གར་གྱི་འོས་འཕེན་ལག་ཁྱེར་འདུག་ཅེས་བརྗོད་ཡོད་པ་རེད། དྷ་སའི་ཉེན་རྟོག་ལས་ཁུངས་ཀྱིས་རྗ་མུ་ཀཱ་ཤི་སྨིར་གྱི་ཉེན་རྟོག་ལས་ཁུངས་སུ། དོགས་ཡོད་ཉེས་ཅན་པ་གཉིས་ཀྱི་སྐོར་འཚོལ་ཞིབ་བྱས་ནས་གསར་འགོད་པར་བརྗོད་དོན། ན་གཞོན་དེ་གཉིས་ནི་རྗ་མུ་ཀཱ་ཤི་སྨིར་གྱི་ཌོ་ཌ་རྫོང་ཁོངས་ཀྱི་མི་ཡིན་པ་དང། དེ་སྔོན་ཀང་ར་རྫོང་དུ་ཡོང་ནས་འཇིགས་སྐུལ་རིང་ལུགས་པ་ཇེ་མང་དུ་གཏོང་ཐབས་བྱས་ཡོད་པས། ད་ལྟའི་སྐབས་གནད་དོན་དེའི་ཐད་ལ་གཟབ་ནན་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་པ་རེད།།

{jcomments on}