༧གོང་ས་མཆོག་ཉིན་གཉིས་རིང་སྐུ་མཚམས་བཞུགས་པ།
༧གོང་ས་མཆོག་སྦས་ཡུལ་འབྲས་མོ་ལྗོངས་སམ་འབྲས་ལྗོངས་སུ་ཡོད་པའི་བྲག་དཀར་བཀྲ་ཤིས་སྡིངས་དགོན་པ་དེའི་ཉེ་འདབས་སུ་འབྲས་ལྗོངས་གཞུང་ཕྱོགས་ནས་དམིགས་བསལ་གསར་དུ་བཞེངས་པའི་མཚམས་ཁང་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་ཉིན་གཉིས་རིང་གི་སྐུ་མཚམས་ལྗགས་ཐུན་དབུ་འཛུགས་མཛད་ཡོད་པ་དང་། ཐེངས་འདི་ནི་༸གོང་ས་མཆོག་སྦས་ཡུལ་འབྲས་མོའི་ལྗོངས་ཀྱི་མངའ་ཁུལ་དུ་ཆིབས་སྒྱུར་བསྐྱངས་ཐེངས་དྲུག་པ་དེ་ཆགས་ཡོད་པ་རེད།
དེ་ཡང་ཐེངས་དང་པོ་ཕྱི་ལོ་༡༩༥༦ ལོའི་ཕྱི་ཟླ་ ༡༡ ནང་རྒྱ་གར་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ནས་སངས་རྒྱས་མྱ་ངན་ལས་འདས་ཏེ་ལོ་ངོ་༢༥༠༠ འཁོར་བའི་དྲན་གསོའི་དུས་ཆེན་སྐབས་འབྲས་ལྗོངས་བརྒྱུད་ཆིབས་སྒྱུར་བསྐྱངས་ཡོད་པ་དང་། ཐེངས་གཉིས་པ་ཕྱི་ལོ་༡༩༨༡ ལོའི་ཕྱི་ཟླ་༡༠ ཚེས་༡༦ ནས་༢༦ བར་སྒང་ཏོག་གི་རྒྱལ་སར་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་སྤྱན་རས་གཟིགས་ཀྱི་དབང་སོགས་ཀྱི་ཆོས་འབྲེལ་དང་། དེ་བཞིན་གསང་ཆེན་པདྨ་ཡང་རྩེ་དང་བཀྲ་ཤིས་སྡིངས་དགོན་སོགས་དགོན་སྡེ་ཁག་གཅིག་ལ་ཆིབས་སྒྱུར་བསྐྱངས་ཡོད་འདུག
ཐེངས་གསུམ་པ་ཕྱི་ལོ་༡༩༩༢ འབྲས་ལྗོངས་མངའ་སྡེ་གཞུང་གིས་གདན་ཞུས་ལྟར་ཉིན་གྲངས་ལྔ་རིང་ནུབ་འབྲས་ལྗོངས་བཀྲ་ཤིས་སྡིངས་དང་རྒྱལ་ས་སྒང་ཏོག་སོགས་སུ་ཆིབས་བསྒྱུར་གྱིས་དུས་འཁོར་དབང་ཆེན་ཐེངས་བཅོ་བརྒྱད་པ་བསྩལ་བ་དང། ཐེངས་བཞི་པ་ཕྱི་ལོ་༡༩༩༧ ཟླ་༡༠ ཚེས་༢༡ ནས་ལྷོ་འབྲས་ལྗོངས་ཀྱི་རྫོང་གནམ་རྩེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་ཕྱི་ཚེས་༢༤ བར་མཛད་འཕྲིན་བསྐྱངས་ཡོད་འདུག ཐེངས་ལྔ་པ་ཕྱི་ལོ་༢༠༠༥ ལོའི་ཕྱི་ཟླ་༤ ཚེས་༢༠ ནས་༢༧ བར་བདུན་གཅིག་རིང་སྒང་ཏོག་དང་ར་བང་ལ། རྣམ་རྩེ་སོགས་ནང་༸ཞབས་སོར་འཁོད་དེ་མཛད་འཕྲིན་བསྐྱངས་པ་དང་། ཐེངས་འདིར་པདྨ་པ་ཡང་རྩེ་དང་བཀྲ་ཤིས་སྡིངས། ར་བང་ལ། རྒྱལ་ས་སྒང་ཏོག་བཅས་སུ་ཆིབས་བསྒྱུར་གནང་བ་དེ་ཐེངས་དྲུག་པ་ཆགས་ཡོད་པ་རེད།།
བོད་གཞུང་དྲ་བ་ནས་བསྡུ་སྒྲིག་བྱས།