ལུགས་ཟུང་བསམ་འགྲུབ་གླིང་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བ།

དེ་རྗེས་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་ཀྱི་སེར་སྐྱ་གནད་ཡོད་མི་སྣ་བརྒྱ་ཕྲག་བརྒལ་བ་དང་། རྒྱ་གར་ཡུལ་མིའི་སྐུ་མགྲོན་མང་པོ་འདུས་པའི་དབུས་སུ། བོད་མི་སྐྱབས་བཅོལ་བ་ཐོག་མར་གཞིས་ཆགས་སུ་ལེན་མཁན་ཀ་ཎ་ཊ་ཀ་མངའ་སྡེའི་བློན་ཆེན་ཟུར་པ་སྐུ་ཞབས་ནཱི་ཇ་མང་གྷབ་པ་མཆོག་གི་“ཡིད་ཆེས་དགེ་རྩའི་”འགན་འཛིན་སྐུ་ཞབས་ཧཱ་ནུ་མན་ཐ་པཱིས་གསུང་བཤད་གནང་དོན། ཕྱི་ལོ་༡༩༥༠ ནང་བོད་ཀྱི་འཐབ་རྩོད་ཀྱི་གནད་དོན་བྱུང་སྐབས། ང་མཐོ་སློབ་ཏུ་ཡོད་ལ་གནས་ཚུལ་ཚང་མ་སློབ་སྦྱོང་བྱས་པ་ཡིན། ང་གྲོས་ཚོགས་ཀྱི་འཐུས་མི་བྱེད་དུས་སུ་ཡང་དྲ་རྒྱ་བརྒྱུད་མཐོ་སློབ་ཀྱི་བོད་ཀྱི་སློབ་མ་ཚོ་དང་འབྲེལ་བ་ཡོད་ལ། ཁོང་ཚོས་ང་ལ་ཐུག་སར་འོང་སྟེ་བོད་དོན་སྙན་ཞུ་སྤྲོད་ཀྱི་རེད། ང་ལ་བོད་དོན་ཐོག་རོགས་པ་བྱེད་རོགས་ཅེས་གསུངས་ཀྱི་རེད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་གྲོགས་པོ་སྐུ་ཞབས་ནཱི་ཇ་མང་གྷབ་པ་མཆོག་དང་། ང་ཚོའི་ངོས་ནས་མཐའ་གཅིག་ཏུ་བོད་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད། ཅེས་གསུངས་སོང་།

དེ་བཞིན་ཉིན་འདིར་བོད་མི་སྐྱབས་བཅོལ་བ་ཐོག་མར་གཞིས་ཆགས་སུ་ལེན་མཁན་ཀ་ཎ་ཊ་ཀ་མངའ་སྡེའི་བློན་ཆེན་ཟུར་པ་མཆོག་གི་ཚ་བོ་མཱེ་ནོ་ཇུ་ཕེབས་ཡོད་པ་དང་། ལྷོ་སྤྱི་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་མེ་སོར་ས་གནས་ཉེན་རྟོག་སྤྱི་ཁྱབ་པ་བརྒྱུད་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་ཞིག་ཀ་ཎ་ཊ་ཀ་གཞུང་མང་ལ་ཐུགས་རྗེ་ལེགས་གསོལ་མཚོན་བྱེད་དུ་ཕུལ་སོང་།  མཐར་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་གཙོ་པདྨ་བདེ་ལགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་རེད།

རྒྱ་གར་ལྷོ་ཕྱོགས་མེ་སོར་ལུགས་ཟུང་བསམ་གྲུབ་གླིང་ནི། བཙན་བྱོལ་བོད་མིའི་གཞིས་ཆགས་དང་པོ་ཡིན་པ་དང་། ད་ལྟའི་ཆར་འཞིས་གྲོང་ཁག་བདུན་དང་། ཆོས་སྡེ་ཆེན་པོ་ཐེག་མཆོག་རྣམ་གྲོལ་གླིང་དང་། སེ་ར་ཐེག་ཆེན་གླིང་སོགས་ཆོས་སྒར་ཆེ་ཁག་དང་། སྦེལ་ཀོབ་བོད་ཁྱིམ་སློབ་གྲྭ་དང་། དབུས་ཉིན་སློབ་སོགས་སློབ་གྲྭ་ཁག་དྲུག་ཡོད་ལ། རྒས་གསོ་ཁང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གསུམ་སོགས་ལས་གྲུབ་ཡོད་པ་རེད། བཙན་བྱོལ་བོད་མིའི་གཞིས་ཆགས་ཐོག་མ་དང་གཞི་རྒྱ་ཆེ་ཤོས་ཤིག་ཀྱང་ཡིན་པ་རེད། །

མེ་སོར་གསར་འགོད་པས།