༧གོང་ས་མཆོག་བྱ་ཁུ་བྱུག་གིས་གནམ་ཆུ་སྒུག་པ་བཞིན་བསྒུག་འདུག
ཟླ་འདིའི་ཚེས་༡༨ ཉིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་གོ་སྒྲིག་འོག གསར་དུ་བོད་ནས་འབྱོར་བའི་ཕ་ཡུལ་ཁམས་སྡེ་དགེ་དགོན་གསར་དགོན་པའི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་མཁན་གྲྭ་པ་གསུམ་གྱིས་ཆེད་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།
ཟླ་སྔོན་མའི་ཚེས་༡༥ དྷ་སར་བོད་ནས་གསར་དུ་འབྱོར་བ་ཕ་ཡུལ་ཁམས་དཀར་མཛེས་ས་ཁུལ་སྡེ་དགེ་རྫོང་རྫ་ཁོག་ཤང་གཡོ་ལག་གྲོང་ཚོ་ནས་ཡིན་པ་དང་། དགོན་གསར་དགོན་པའི་གྲྭ་རང་ལོ་༣༠ ཅན་བློ་བཟང་ནོར་བུ་ལགས་དང་། རང་ལོ་༢༤ ཅན་མཁས་གྲུབ་རྒྱ་མཚོ་ལགས། རང་ལོ་༢༦ ཅན་ཀུན་དགའ་རིན་ཆེན་ལགས་བཅས་ཀྱིས་ཕྱི་ལོ་༢༠༠༩ ཟླ་༡༡ ཚེས་༡༠ ཉིན་རྫ་ཁོག་ཤང་དང་དགོན་པའི་ཉེ་འགྲམ་དུ་ཡོད་པའི་བོད་ཀྱི་རྒྱལ་དར་དང་བོད་རང་བཙན་གྱི་སྦྱར་ཡིག་སྦྱར་འགྲེམས་བྱས་པ་དང་། གྲྭ་པ་གཞན་རྣམས་ལ་བརྡབ་གསིག་མི་བཟོ་བའི་ཆེད་སྦྱར་ཡིག་ཐོག་ཁོང་གསུམ་གྱི་མིང་དངོས་སུ་བཀོད་ཡོད་འདུག དེ་རྗེས་ཁོང་རྣམས་རི་འགོ་དང་ལུང་སྟོང་སོགས་སུ་གཡོལ་ནས་བསྡད་སྐབས། རྒྱ་གཞུང་གིས་རྩ་ཚིག་བཀྲམ་ནས་ཁོང་རྣམས་རྩིས་སྤྲོད་བྱེད་མཁན་ཡོད་ན། རྒྱ་སྒོར་ཁྲི་གཉིས་སྤྲོད་རྒྱུ་ཡིན་ལུགས་བཤད་པ་མ་ཟད། དེ་རྗེས་ཡང་བསྐྱར་རྒྱ་སྒོར་ཁྲི་ལྔ་སྤྲོད་རྒྱུ་ཡིན་ལུགས་བསྒྲགས་ཡོད་འདུག ཁོང་རྣམས་ལྷ་སའི་ཕྱོགས་སུ་ཡོང་ནས། རིམ་བཞིན་བལ་བོད་ས་མཚམས་ཤར་ཁུམ་བུ་བརྒྱུད་༢༠༡༠ ཟླ་༡༠ ཚེས་༣༠ ཉིན་བལ་ཡུལ་དུ་བདེ་འབྱོར་བྱུང་འདུག
གནས་ཚུལ་དེའི་སྐོར་གྲྭ་བློ་བཟང་ནོར་བུ་ལགས་ཀྱིས་ངོ་སྤྲོད་གནང་དོན། རྒྱ་གཞུང་གིས་ཆོས་ལུགས་དད་པ་རང་དབང་ཡོད་ལུགས་བཤད་ཀྱང་མེད་པ་དང་། སྨྲ་བརྗོད་རང་དབང་མེད་པ། འགྲོ་བ་མིའི་ཐོབ་ཐང་མེད་པ་བཅས་རེད། དགོན་གསར་དགོན་པར་གྲྭ་པ་༢༠༠ ཙམ་ཡོད་པ་རེད། ཚང་མ་མཉམ་དུ་འཚོགས་ནས་རྒྱལ་བའི་ཞབས་བརྟན་འདོན་མི་འཇུག་པ་མ་ཟད། གྲྭ་པ་༦༠ ཙམ་གྱི་མཚན་ཐོ་ཡར་བསྒྲུགས་ནས་གཞན་རྣམས་དགོན་པ་ནས་ཕྱིར་འབུད་བཏང་ནས་སོ་སོའི་ཁྱིམ་དུ་བསྐྲད་པ་རེད། ༧རྒྱལ་བ་རིན་པོ་ཆེའི་སྐུ་པར་བཤམས་ཆོག་གི་མ་རེད། དེར་བརྟེན་ང་ཚོའི་དགོན་པའི་རྒན་བློ་བཟང་དོན་ཡོད་དང་། བཀྲ་རྒྱ་གཉིས་ཀྱིས་སྐད་འབོད་བྱས་སྐབས་འཛིན་བཟུང་བྱས་ནས། བློ་བཟང་དོན་ཡོད་ལ་ལོ་༦ དང་། བཀྲ་རྒྱ་ལ་ལོ་༢ ཀྱི་ཁྲིམས་ཐག་བཅད་པ་རེད། གཞན་ཡང་དགོན་གསར་དགོན་པའི་གྲྭ་པ་དང་མི་མང་ཚོས་ང་ཚོ་ལ་འགྲོ་བ་མིའི་ཐོབ་ཐང་དགོས། སྨྲ་བརྗོད་ཀྱི་རང་དབང་དགོས། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་མགྱོགས་མྱུར་དུ་བོད་ལ་ཕེབས་འཇུག་དགོས་ཞེས་སྐད་འབོད་བྱས་པར་བརྟེན། མི་༡༡ འཛིན་བཟུང་བྱས་པ་རེད། དེ་དག་ལ་ལོ་ལྔ་དང་གསུམ་བཞི་བཅས་ཀྱི་ཁྲིམས་ཐག་བཅད་པ་རེད་ཅེས་དང།
མུ་མཐུད་གསུང་དོན། དེར་བརྟེན་ང་ཚོ་གསུམ་གྱིས་གྲོས་བསྡུར་བྱས་ནས་ང་ཚོ་ལ་རང་དབང་གང་ཡང་མི་འདུག བོད་མི་རྣམས་ཀྱིས་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་དུ་ཕེབས་པ་དགོས་པ་དང་། མཇལ་རྒྱུ་རག་དགོས་ཟེར་ནས་བྱ་ཁུག་རྟས་གནམ་ཆུ་སྒུག་པ་བཞིན་སྒུག་འདུག དེ་ནས་ང་ཚོས་༧རྒྱལ་བ་རིན་པོ་ཆེ་མགྱོགས་མྱུར་ངང་བོད་དུ་ཕེབས་འཇུག་དགོས། བོད་རང་བཙན་དགོས་ཞེས་ང་ཚོས་སྦྱར་ཡིག་མང་པོ་བྲིས་པ་མ་ཟད། བོད་ཀྱི་རྒྱལ་དར་བཞི་བྲིས་ནས་རྒྱལ་དར་གཅིག་དགོན་གསར་དགོན་པའི་ཉེ་འགྲམ་དུ་བཙུགས་པ་ཡིན། གཉིས་ཤང་ནང་ལ་བཙུགས་པ་ཡིན། གཅིག་དེ་ཟམ་པ་ཆེན་པོ་ཞིག་ཡོད་པ་དེའི་སྒང་ལ་བཙུགས་པ་ཡིན། ཡི་གེ་རྣམས་གྲོང་པ་དང་དགོན་པའི་ཉེ་འགྲམ་གང་སར་སྦྱར་བ་ཡིན། སྦྱར་ཡིག་གི་ནང་དུ་ང་ཚོ་གསུམ་གྱི་མིང་དངོས་སུ་བྲིས་པ་ཡིན། ནམ་རྒྱུན་ཁོ་ཚོས་མ་ཡིན་ཡང་ཡིན་དགོས་ཟེར་ནས་ཉེས་རྡུང་གཏོང་གི་ཡོད་པ་རེད། མི་བཅུ་རེ་ཙམ་ཕར་དེད་ནས་བརྡུང་བ་དང་། ཡང་བཅུ་རེ་ཁྲིད་ཡོང་ནས་བརྡུང་བ་དེ་འདྲ་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་ཡི་གེ་སྦྱར་མཁན་ང་ཚོ་གསུམ་ཡིན་ཞེས་མིང་དངོས་སུ་བྲིས་པ་ཡིན། སོ་སོའི་འགན་དེ་སོ་སོས་བླངས་པ་ཡིན། དེ་ནས་༢༠༠༩ ལོའི་ཟླ་༡༡ ཚེས་༡༠ ཉིན་ང་ཚོ་རི་ལ་བྲོས་ནས་མི་མེད་ལུང་སྟོང་སོགས་སུ་ཡིབ་ནས་བསྡད་པ་ཡིན།
དེ་རྗེས་རྒྱ་གཞུང་གིས་ང་ཚོ་རྩིས་སྤྲད་ན་རྒྱ་སྒོར་ཁྲི་གཉིས་རེ་སྤྲོད་རྒྱུ་ཡིན་ཞེས་གང་སར་་བཀྲམ་འདུག དེ་རྗེས་རྒྱ་སྒོར་ཁྲི་ལྔ་ལ་ཡར་སྤར་ནས་ཁོང་ཚོ་རྩིས་སྤྲོད་ཤོག་ལབ་ཀྱི་ཡོད་འདུག ང་ཚོ་སོང་ཚར་བའི་རྗེས་སུ་རྒྱ་དམག་སུམ་བརྒྱ་ལྷག་ཙམ་ཡོང་ནས་ངའི་ཨ་ཕ་དང་། ཀུན་དགའ་རིན་ཆེན་གྱི་ཨ་མ། མཁས་གྲུབ་རྒྱ་མཚོའི་ཨ་ཕ་གསུམ་དམག་གིས་ཁྲིད་ནས་ཟླ་བ་གཉིས་ཙམ་རིང་བཀག་ནས་དམག་མི་སུམ་བརྒྱ་ཙམ་དེའི་འབུད་ཤིང་བཤག་བཅུག་པ་དང་། ཁུར་བཅུག་པ། ཟ་མ་བཟོ་བཅུག་པ། ཆུ་ལེན་བཅུག་པ་བཅས་བྱས་འདུག དེ་ནས་ཉིན་ཞིག་ང་ཚོའི་གྲོང་པའི་མི་རྣམས་ཀྱིས་བསང་གསོལ་བྱེད་པའི་སྐབས་སུ་རྒྱ་དམག་གིས་ང་ཚོ་གསུམ་ཡོད་པ་རེད་སྙམ་ནས་ཡོང་བ་དང་། གྲོང་མི་རྣམས་ལག་པ་གཉིས་མགོ་ལ་བཞག་པ་དང་། པུས་མོ་གཉིས་ས་ལ་བཙུགས་བཅུག་ནས་ང་ཚོ་གསུམ་གྱི་པར་བསྟན་ནས་ཉེས་ཅན་པ་འདི་ཚོ་རྩིས་སྤྲོད་ཤོག་ཅེས་ལབ་ནས། ཉེས་བརྡུང་བཏང་བ་མ་ཟད་མི་དགུ་འཛིན་བཟུང་བྱས་འདུག བུད་མེད་རྣམས་ཀྱིས་སྐད་བརྒྱབ་ནས་འཛིན་བཟུང་མ་བྱེད་རོགས་ཟེར་དུས་མེ་མདའ་བརྒྱབ་ནས་བུད་མེད་གཉིས་ཀྱི་མིག་ལ་རྨས་སྐྱོན་ཆེན་པོ་བཟོས་ཡོད་འདུག མི་དགུ་པོ་སྡེ་དགེ་རྫོང་ཐོག་ཏུ་ཁྲིད་ནས་ང་ཚོ་གསུམ་གང་དུ་ཡོད་མེད་དྲིས་དུས་ཚང་མས་ཧ་གོ་མ་སོང་ལབ་པར་བརྟེན། མི་རེར་རྒྱ་སྒོར་ཁྲི་གཅིག་རེ་ཆད་པ་བཅད་པས་གློད་པ་ཡིན་འདུག
རྒྱ་དམག་གིས་ཉེས་རྡུང་གཏོང་བ་དང་ལས་ཀ་བཀོལ་བ་བཅས་བྱས་རྗེས་ངའི་ཨ་ཕ་ལ་གློ་བུར་དུ་བརྒྱལ་འགྲོ་བའི་ན་ཚ་སྡུག་པོ་ཞིག་བྱུང་ནས། རོགས་པ་གཞན་གཉིས་དང་མཉམ་དུ་ཁྱིམ་དུ་ཚུར་བཏང་ཡང་ཉིན་གཉིས་ཀྱི་རྗེས་སུ་འདས་གྲོངས་སུ་ཕྱིན་འདུག ང་ཚོ་རི་ལ་བྲོས་པ་ནས་བཟུང་ཁྱིམ་མི་དང་ཕ་མ་རྣམས་རྩ་བ་ཉིད་ནས་ཐུག་མ་སོང་། འོན་ཀྱང་བློས་ཐུབ་གྲོགས་པོ་རྣམས་བརྒྱུད་ནས་གནས་ཚུལ་དེ་དག་གོ་བྱུང་ཞེས་དང་། སྤྱིར་དེང་སང་བོད་ནང་དུ་ཞིང་ཁ་ཤིང་ནགས་སུ་བསྒྱུར་བ་དང་། བོད་སྐད་བོད་ཡིག་མ་བསླབས་པར་བརྟེན་སློབ་ཕྲུག་རྣམས་ཀྱིས་བོད་ཡིག་ཀློག་མི་ཤེས་པ་ཆགས་པ་དང་། ཚང་མ་རྒྱ་ཡིག་གི་ལམ་ནས་བསླབ་པར་བརྟེན་རྒྱ་སྐད་མ་གཏོགས་མི་ཤེས་པའི་ཚད་དུ་སླེབས་འདུག་ཅེས་སོགས་འགྲེལ་བརྗོད་གནང་སོང་།
དེ་རྗེས་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་པ་དང་། དབུས་གཞོན་ནུ་ལྷན་ཚོགས། དགུ་བཅུ་གསུམ་ཚོགས་པ་བཅས་ཀྱིས་ཁོང་རྣམ་པ་གསུམ་བཙན་བྱོལ་དུ་བདེ་འབྱོར་བྱུང་བར་དགའ་བསུའི་གུས་འདུད་མཚོན་བྱེད་དུ་ཁ་བཏགས་སྒྲོན་འབུལ་བྱས་སོང་།།
{jcomments on}