ཁེ་ན་ཌའི་ནང་བོད་མི་ཆིག་སྟོང་ལེན་རྒྱུ་ཡིན་ཟེར།
ཟླ་འདིའི་ཚེས་༡༨ ཁེ་ན་ཌའི་རྒྱལ་སའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཁེ་ན་ཌ་གཞུང་གིས་འབྱུང་འགྱུར་ལོ་༥ ནང་རྒྱ་གར་ཨ་རུན་ནཱ་ཆལ་མངའ་སྡེའི་ཁོངས་སུ་ཡོད་པའི་བོད་མི་གྲངས་༡༠༠༠ ཙམ། ཁེ་ན་ཌའི་ནང་ལེན་རྒྱུ་གཏན་ཁེལ་ཡོད་པ་དང། ཁེ་ན་ཌིའི་མི་སེར་དང་གནས་སྤོར། སྣེ་འཛོམས་རིག་གཞུང་གི་བློན་ཆེན་ཇཱ་སོན་ཁེན་ནཱི་མཆོག་གིས་དེའི་སྐོར་གསུངས་དོན། “འགྲོ་བ་མིའི་རིགས་ལ་ཤ་ཚ་བརྩེ་དུང་འཛིན་པའི་ཁེ་ན་ཌའི་སྲོལ་རྒྱུན་གྱི་རིག་གཞུང་བཟང་པོ་ཉམས་ལེན་གྱི་ཐོག་ནས། ང་ཚོ་ཁེ་ན་ཌའི་གཞུང་གིས་ལྷག་བསམ་རྣམ་དག་གིས་བོད་མི་སྐྱབས་བཅོལ་བ་ཚོར་ལྟ་རྟོགས་བྱེད་རྒྱུ་ཡིན། རྒྱ་གར་གཞུང་དང་ཁེ་ན་ཌའི་བོད་པའི་ཚོགས་པ་གཉིས་ཀྱིས་བོད་མི་ཆིག་སྟོང་ཁེ་ན་ཌའི་ནང་ལེན་རྒྱུའི་ལས་གཞི་ལག་བསྟར་གནང་རྒྱུར་ང་ཚོ་དགའ་པོ་བྱུང་ལ། ཁེ་ན་ཌའི་ནང་ཕེབས་མཁན་ཚོར་དགའ་བསུ་ཞུ་རྒྱུ་ཡིན། རྒྱ་གར་ནང་ཡོད་པའི་བོད་མི་ཚོར་དུས་ཡུན་རིང་པོའི་ནང་རྒྱ་གར་གཞུང་གིས་རྒྱབ་སྐྱོར་གནང་བར་ངོས་ངོས་འཛིན་ཞུ་ཡི་ཡོད། བོད་མི་ཚོར་དཀའ་ངལ་ཆེ་བའི་སྐབས་རྒྱ་གར་གཞུང་གིས་རྒྱབ་སྐྱོར་གནང་བ་དེར། ད་ཐེངས་ཁེ་ན་ཌ་གཞུང་གི་ངོས་ནས་དཀའ་དྲིན་བསམ་ཤེས་བྱེད་རྒྱུའི་དུས་ཚོད་རེད་དྲན་གྱི་འདུག་”ཅེས་གསུངས་ཡོད་པ་རེད།
སྤྱིར་ཁེ་ན་ཌ་གཞུང་གིས་བོད་མི་སྐྱབས་བཅོལ་བ་ལེན་རྒྱུའི་འཆར་འགོད་ཐེངས་དང་པོ་མིན་པར། ཕྱི་ལོ་༡༩༧༢ བོད་མི་སྐྱབས་བཅོལ་བར་འཆར་འགོད་བྱས་པ་འགོ་བཙུགས་ནས། རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་བོད་མི་༢༣༠ ལྷག་ཙམ་ཁེ་ན་ཌའི་ནང་ལེན་མྱོང་ཡོད་པ་དང། དེ་དག་གི་བདེ་འཇགས་དང་འཚོ་བའི་དགོས་མཁོ། སྨན་གྱི་ཆ་རྐྱེན་སོགས་ལ་དམིགས་བསལ་གྱིས་ལྟ་སྐྱོང་གནང་བཞིན་ཡོད་པ་རེད།།
{jcomments on}