རྩེད་འགྲན་ནང་མཉམ་ཞུགས་བྱེད་རྒྱུ་གལ་ཆེན་པོ་རེད།

དེ་ཡང་ཐོག་མར་སློབ་སྤྱི་ཐར་ལམ་སྒྲོལ་མས་མཛད་སྒོ་ངོ་སྤྲོད་གནང་རྗེས། ཀུན་བདེ་གླིང་མཆོག་སྤྲུལ་རིན་པོ་ཆེས། རྩེད་འགྲན་དབུ་འཛུགས་ཀྱི་དཔལ་འབར་སྒྲོན་འབུལ་དང་རྩེད་འགྲན་གྱི་དར་ཆ་མཁའ་དབྱིངས་སུ་བསྒྲེངས་རྗེས་ཁོང་གིས་རྩེད་འགྲན་དང་འབྲེལ་བའི་སྐོར་ལ་ལམ་སྟོན་གྱི་གསུང་བཤད་གནང་དོན། སྤྱིར་བཏང་གི་རྩེད་འགྲན་རིགས་གང་ཡིན་ཡང་ལུས་སྦྱོང་འགྲན་སྡུར་དེ་ནི་མི་ཚེའི་ནང་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད། ཆིག་སྒྲིལ་དང་མཐུན་ལམ་སོགས་ཕྱོགས་མང་པོ་ཞིག་ལ་ཕན་ཐོགས་ངེས་ཅན་ཡོད་པ་ཡིན་པས། ཨང་རིམ་རྩེར་སོན་རག་མིན་ལ་མ་ལྟོས་པར་ཚང་མ་མཉམ་ཞུགས་བྱེད་དགོས་པ་རེད། ད་ལྟ་ང་ཚོར་སྐད་རིགས་སློབ་སྦྱོང་གིས་མཚོན་པའི་འདི་ལྟ་བུའི་ལུས་རྩལ་འགྲན་སྡུར་སོགས་སློབ་སྦྱོང་གི་གོ་སྐབས་བཟང་པོ་བྱུང་བ་དེ་གཙོ་བོ་༧གོང་ས་སྐྱབས་མགོན་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་བོད་གཞུང་དང་རྒྱ་གར་གཞུང་སློབ་གྲྭའི་ནང་གི་སློབ་སྤྱི་གཙོས་ཕྱག་ལས་གནང་མཁན་ཚོའི་སྐུ་ངལ་བསྐྱོན་པ་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་ཡང་༧གོང་ས་སྐྱབས་མགོན་མཆོག་གིས། ང་ཚོའི་སློབ་ཕྲུག་ཚོ་མ་འོངས་བོད་ཀྱི་བདེན་པའི་འཐབ་རྩོད་བྱེད་ཐུབ་མཁན་ཞིག་དང་བོད་ཀྱི་དཀའ་རྙོག་ལ་གདོང་ལེན་བྱེད་ཐུབ་མཁན་ཞིག་ཆགས་རྒྱུ་ལ་ཐུགས་རེ་ཆེན་པོ་གནང་གི་ཡོད་པས། དེ་བཞིན་ཡོང་ཐབས་བྱེད་རྒྱུ་གལ་ཆེན་པོ་རེད། ད་ལྟ་རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་གི་སློབ་ཚན་རྒྱ་ཡིག་ཏུ་བསྒྱུར་ནས་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་རྒྱུའི་ངན་ཇུས་འཐེན་བཞིན་ཡོད་པ་རེད། དེ་ནི་བོད་ཀྱི་ལོ་རྒྱུས་ནང་རྒྱ་གཞུང་གིས་གཏོར་སྐྱོན་ཚབས་ཆེ་ཤོས་གཏོང་རྒྱུའི་འཆར་གཞི་འཐེན་དང་འཐེན་བཞིན་པ་ཞིག་རེད། དེ་འདྲ་ཞིག་ལག་བསྟར་དངོས་སུ་བྱུང་བ་ཡིན་ན་བོད་ནང་དུ་འབྱུང་འགྱུར་ལོ་བཅུ་ཕྲག་འགའ་ཤས་རྗེས་བོད་རིགས་གཞོན་སྐྱེས་ཚོའི་ནང་བོད་ཡིག་ཤེས་མཁན་མེད་པ་ལྟ་བུ་ཆགས་རྒྱུའི་ཉེན་ཁ་ཡོད་པས། བཙན་བྱོལ་ནང་ཡོད་པའི་སློབ་ཕྲུག་ཚོས་རྩ་བའི་དེང་དུས་སློབ་སྦྱོང་ཡོད་དགོས་པ་རེད་མོད། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་གཞི་རྩ་སྐད་ཡིག་སྔར་ལས་ལྷག་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་གནད་འགག་ཆེན་པོ་ཞེ་དྲག་རེད་དྲན་གྱི་འདུག སློབ་གྲྭའི་དབུ་ཁྲིད་དང་དགེ་ལས་སློབ་ཕྲུག་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་རོགས་ཞེས་ངས་འབོད་སྐུལ་ནན་པོ་ཞུ་བཞིན་ཡོད་ཅེས་གསུངས་སོང་།
དེ་བཞིན་ཉིན་འདིའི་ཨོ་ལིམ་པིག་རྩེད་འགྲན་གྱི་རྣམ་པ་ཅན་གྱི་སློབ་མིའི་རྩེད་འགྲན་ནང་ཞུགས་མཁན་མོན་གྷོ་གཏན་ཉིན་སློབ་གྲྭ་དང་ཟམ་པ་སློབ་གྲྭ། པདྨ་ཚལ་སློབ་གྲྭ། གཞིས་གྲོང་དྲུག་པའི་སློབ་གྲྭ་སོགས་མཉམ་ཞུགས་བྱས་ཡོད་པ་དང་། རུ་ཁག་ཕན་ཚུན་བར་རྩེད་འགྲན་རེ་རེ་བཞིན་གནང་བའི་ནང་ནས་ཨང་རིམ་རྩེར་སོན་གསུམ་རེ་ལ་བྱ་འགའ་བསྩལ་བ་སོགས་བྱས་ཡོད་པ་རེད། །
མོན་གྷོ་གསར་འགོད་པས།

{jcomments on}