བོད་གཞུང་གི་ངོས་ནས་ད་སྐབས་ནན་ཏན་བརྗོད་ཐུབ་ཀྱི་མི་འདུག

ཉིན་གྲངས་འགའི་སྔོན་ནས་ཁེ་ན་ཌ་གཞུང་གིས་རྒྱ་གར་དུ་ཡོད་པའི་བོད་མི་ཆིག་སྟོང་སྐྱབས་བཅོལ་དུ་ལེན་གྱི་རེད་ཅེས་བརྒྱུད་ལམ་ཁག་ཏུ་བརྗོད་ཡོད་པ་དང། ཟླ་འདིའི་ཚེས་༡༨ ཉིན་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝཱའི་བརྒྱུད་ལམ་ཁག་ནས། ཁེ་ན་ཌའི་མི་སེར་དང་གནས་སྤོར། སྣེ་འཛོམས་རིག་གཞུང་གི་བློན་ཆེན་ཇཱ་སོན་ཁེན་ནཱི་མཆོག་གིས་ཁེ་ན་ཌ་གཞུང་གིས་འབྱུང་འགྱུར་ལོ་༥ ནང་རྒྱ་གར་གྱི་ཨ་རུ་ནཱ་ཅལ་མངའ་སྡེའི་ཁོངས་སུ་ཡོད་པའི་བོད་མི་གྲངས་༡༠༠༠ ཙམ་ལེན་རྒྱུ་ཡིན་སྐོར་ཁྱབ་བསྒྲགས་བྱས་ཡོད་པས། འདི་གའི་གསར་འགོད་པས་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་མཆོག་ལ་དེའི་སྐོར་བཅར་འདྲི་ཞུས་པར། ཁོང་གིས་ད་ལྟའི་ཆར་ནང་སྲིད་ལས་ཁུངས་སུ་དེའི་སྐོར་ལ་འཆར་གཞི་དང་ལས་དོན་སོགས་གང་ཡང་མེད་ཅེས་གསུངས་བྱུང།

དེ་བཞིན་བཀའ་དྲུང་མི་འགྱུར་རྡོ་རྗེ་མཆོག་ལ་ཁེ་ན་ཌ་གཞུང་གིས་བོད་མི་ཆིག་སྟོང་ལེན་རྒྱུའི་སྐོར་ཁྱབ་བསྒྲགས་ཤིག་བྱས་འདུག་པས། བོད་གཞུང་གི་ངོས་ནས་དེའི་སྐོར་ལས་འཆར་དང་ཁྱབ་བསྒྲགས་སོགས་གནང་འཆར་ཡོད་མེད་བཅས་ལ་བཀའ་འདྲི་ཞུས་པའི་ལན་དུ། ད་ལྟའི་སྐབས་ཁེ་ན་ཌའི་ཕྱོགས་ནས་ཨ་རུ་ནཱ་ཅལ་མངའ་སྡེའི་ཁོངས་སུ་ཡོད་པའི་བོད་མི་ཁེ་ན་ཌའི་ནང་ལེན་རྒྱུའི་ཁྱབ་བསྒྲགས་ཤིག་གནང་བ་རེད། ཡིན་ནའང་ད་ལྟ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་ཕྱོགས་བསྐྱོད་ལ་ཕེབས་ཡོད་པས། ཟླ་འདིའི་ཚེས་༢༤ ཉིན་མ་གཏོགས་ཕྱིར་ཕེབས་ཀྱི་མ་རེད། སྤྱིར་ང་ཚོས་དེའི་སྐོར་གྲོས་བསྡུར་འགྲོ་བཞིན་པ་ཡིན། ལས་དོན་དེའི་ཕྱོགས་སུ་ནན་ཏན་མ་བྱས་ན་སྤྱི་ཚོགས་སུ་སྐད་ཆ་འདྲ་མིན་གྱིས་ཁྱབ་ཡོང་གི་རེད་ཅེས་གསུངས་བྱུང།།

{jcomments on}