རྒྱ་ནག་གཞུང་གིས་གྲྭ་གསུང་རབ་ལ་ལོ་གསུམ་གྱི་ཁྲིམས་ཆད།

songrab1གྲྭ་གསུང་རབ་རྒྱ་མཚོ་ལགས་ནི་༢༠༠༨ ལོ་ནས་རྒྱ་ནག་གཞུང་གིས་ཐེངས་གསུམ་ཙམ་ལ་འཛིན་བཟུང་བྱེད་མྱོང་ཡོད་པ་དང་། ཁོང་ལ་༢༠༠༨ ལོར་རྨ་ཆུ་རྫོང་དུ་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱས་པ་དང་། ༢༠༡༠ ལོར་རྨ་ཆུ་རྫོང་གི་སློབ་མ་ཚོས་བོད་ཡིག་སྲུང་སྐྱོབ་དགོས་པའི་ངོ་རྒོལ་བྱེད་མཁན་སོགས་ཀྱི་སྣེ་ཁྲིད་པ་ཡིན་སྐོར་བརྗོད་དེ། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པ་ཞིག་ཡིན་འདུག

གྲྭ་གསུང་རབ་རྒྱ་མཚོ་ནི་ས་གནས་དེའི་<<རེ་བའི་རྐང་ལམ་ཚགས་པར་>>ཞེས་པའི་རྩོམ་སྒྲིག་པ་དང་། བོད་ཨ་མའི་རང་སྐད་སླར་གསོ་ཚོགས་པའི་ཚོགས་མི། རྩྭ་ཐང་བོད་ཡིག་རྨོངས་སེལ་སློབ་གྲྭའི་དགེ་རྒན་ཡིན་པ་རེད།

དེ་སྔོན་ཁོང་རྒྱ་གར་དུ་ཡོང་སྟེ། དྷ་ས་གསོག་སྒར་སློབ་གྲྭའི་ནང་སློབ་སྦྱོང་བྱས་པ་དང་། རྗེས་སུ་ཕྱིར་བོད་དུ་སོང་སྟེ། དགེ་རྒན་དང་བོད་ཡིག་སྲུང་སྐྱོབ་སོགས་ཀྱི་ལས་དོན་བྱས་ཏེ། ས་གནས་མི་མང་ལ་ཕན་ཐོགས་ཀྱི་ཡོད་པ་རེད།

 

གྲྭ་གསུང་རབ་ད་ལྟ་རང་ལོ་༣༤ ཡིན་པ་དང། ཁོང་ཕྱི་ལོ་ ༢༠༠༨ ལོའི་ཟླ་༣ པའི་ཚེས་༡༧ ཉིན་རྨ་ཆུ་ནས་བོད་མི་ཚོས་ཞི་བའི་གྱེན་ལངས་ཀྱི་ལས་འགུལ་སྤེལ་རྗེས་ཐེངས་དང་པོར་འཛིན་བཟུང་བྱས་པ་དང། ཕྱི་ལོ་༢༠༠༨ ལོའི་ཟླ་༥ ཚེས་༡༨ ཉིན་ཨ་མདོ་རྔ་བ་ནས་འཛིན་བཟུང་ཐེངས་གཉིས་པ་བྱས། ཕྱི་ ལོ་༢༠༡༠ ལོའི་ཟླ་༣ པའི་ཚེས་༢༥ ཉིན་ཐེངས་གསུམ་པར་རྒྱ་ནག་གི་ཉེན་རྟོག་པས་ཨ་མདོ་རྨ་ཆུ་ནས་འཛིན་བཟུང་བྱས་ཏེ་༢༠༡༠ ལོའི་ཕྱི་ཟླ་༡༢ ཚེས་༡༦ ཉིན་ལོ་གསུམ་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།།