གཟའ་འཁོར་འདིའི་ནང་རིན་གོང་ཆེ་ཤོས་ཙོང་རེད།
ཟླ་འདིའི་ཚེས་༢༢ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ཡུལ་མིའི་ཟ་འཐུང་གཉིས་ཀྱི་ནང་ནས་མེད་དུ་མི་རུང་བ་ནི་ཙོང་དང་བྱེ་མ་ཀ་ར་གཉིས་ཆགས་ཀྱི་ཡོད་པ་དང། དེང་སྐབས་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་ཙོང་གི་ཐོན་བསྐྱེད་ཉུང་དུ་སོང་ཡོད་པའི་ཐོག རྒྱ་གར་གྱི་སོ་ནམ་བློན་ཆེན་སོགས་ཀྱིས། ཙོང་རིགས་རྒྱལ་ཁབ་ཕྱི་ལོག་ནས་ནང་འདྲེན་བྱེད་རྒྱུར་དམ་དྲག་བྱས་ཡོད་པས། ཙོང་གི་གོང་ཚད་ལྡབ་འགྱུར་འཕར་ནས་ས་གནས་གང་སར་དབུས་གཞུང་ལ་ངོ་རྒོལ་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད།
རྒྱུན་ལྡན་གྱི་ཚལ་རིགས་ཀི་ལོ་གང་ལ་ཧིན་སྒོར་༤༠ བརྒལ་མཁན་དཀོན་པོ་ཡིན་པ་དང། ཙོང་གི་རིགས་ལ་དེ་ལྟར་འཕར་ཚད་ཆེ་བའི་རྒྱུ་མཚན་གཙོ་བོ་ནི། རྒྱ་གར་གྱི་ཟ་ཁང་ཆེ་ཆུང་ག་འདྲ་ཞིག་དང། ཁྱིམ་ཚང་ཆེ་ཆུང་སྣ་ཚོགས། དེ་ཡི་ནང་ནས་ཁྱིམ་ཚང་དཀྱུས་མ་ཚོས་འབྲས་སོགས་དང་ལྷན་དུ་ཙོང་རྗེན་པ་མེད་ན་ཟས་ལ་རོ་བཅུད་མེད་པ་བརྩི་ཡི་ཡོད་ཅིང། འགའ་རེས་ཙོང་གི་ཟས་དུག་འགོག་པའི་ཐབས་སུའང་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད། ཙོང་ནི་རྒྱ་གར་གྱི་ཟས་རིགས་དང་མི་མང་ལ་མེད་དུ་མི་རུང་བ་ཞིག་ཆགས་ཡོད་པ་རེད། བདུན་འདིའི་ནང་ཙོང་གི་གོང་ཚད་ཧ་ཅང་འཕར་ཡོད་པས། རྒྱ་གར་གྱི་བརྙན་འཕྲིན་དང་རླུང་འཕྲིན། ཚགས་པར་སོགས་སུ་གླེང་གཞི་གཙོ་བོ་གཅིག་ཆགས་ཡོད་པ་རེད།
ངོ་རྒོལ་བ་ཚོས་ཙོང་རིལ་གྱི་ཕྲེང་བ་སྐེ་ལ་གྱོན་ཏེ་ཁྲོམ་སྐོར་བྱས་ཡོད་པ་དང། ཡང་རྒྱ་གར་གྱི་ཕྱོགས་འགལ་ཚོགས་པའི་ཆབ་སྲིད་མི་སྣ་ཚོས། གོ་སྐབས་འདི་དང་བསྟུན་ནས་ཆབ་སྲིད་ཀྱི་ལས་འགུལ་ཡང་སྣེ་མང་སྤེལ་བཞིན་ཡོད་པ་རེད། རྒྱ་གར་གྱི་ས་གནས་འགའ་རེའི་ནང་ཤ་ལས་ཙོང་གོང་ཆེ་བ་ཆགས་ཡོད་པས། དབུས་གཞུང་གི་འཆར་འགོད་ལྟར་བྱས་ན། གོང་ཚད་འདི་བདུན་འགའ་ལས་མི་སྡོད་པར་མར་ཆག་རྒྱུ་ཡིན་སྐོར་བརྗོད་ཡོད་རུང། ད་དུང་ཡང་ཆག་མེད་པའི་གནས་ཚུལ་ཐོན་ཡོད་པ་རེད།
{jcomments on}