ཐ་སྙད་གསར་པའི་འགྲན་ཚོགས།
འགྲན་ཚོགས་ཐོག་པར་རིས་ལ་བལྟས་ནས་ཐ་སྙད་བཤད་པ་དང་། མཁས་པའི་གསུང་ཚིག བཀྲ་ཤིས་རྟགས་བརྒྱད་འདེམས་པ། མ་ཎི་འཁོར་བ། འགུལ་སྟངས་ལ་བལྟས་ནས་ཐ་སྙད་བཤད་པ་སོགས་ཀྱི་རྣམ་པ་ཅི་རིགས་བརྒྱུད་ནས་ཐ་སྙད་གསར་པ་བོད་ཡིག་ལ་བསྒྱུར་བ་དང་། བློ་རིག་འགྲན་པ་སོགས་ཀྱི་འགྲན་བསྡུར་བརྒྱུད་མཐར་མགོ་ལོག་ཁུལ་གྱི་འཐུས་མི་ཚོགས་ཁག་གིས་ཐེངས་འདིའི་འགྲན་ཚོགས་ཁྲོད་ཨང་དང་པོ་བླངས་པ་དང་། མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་འཐུས་མི་ཚོགས་པས་ཨང་གཉིས་པ། མཚོ་ལྷོ་ཁུལ་འཐུས་མི་ཚོགས་པས་ཨང་གསུམ་པ། ཞུན་ཧྭ་རྫོང་དང་མཚོ་སྔོན་མི་རིགས་སློབ་ཆེན་གཉིས་ཀྱི་འཐུས་མི་ཚོགས་པས་ཕུལ་བྱུང་བྱ་དགའ་ཐོབ་ཡོད་པ་རེད།
ཚོགས་ཐོག་ཏུ་མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་དང་། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་ལྷོ་ཁུལ། ཞུན་ཧྭ་རྫོང་། མགོ་ལོག་ཁུལ་སོགས་སློབ་གྲྭ་དང་། ཁུལ་དང་རྫོང་རིམ་པའི་འཐུས་མི་ཕེབས་ཡོད་པ་མ་ཟད། མགོ་ལོག་ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་། འཇིགས་མེད་རྒྱལ་མཚན་སྒེར་བཙུགས་སློབ་གྲྭའི་འགན་འཛིན་འཇིགས་མེད་རྒྱལ་མཚན་ལགས་སོགས་དང་། གཞན་ཡང་གླུ་མ་རིག་འཛིན་སྒྲོལ་མ། མཐོ་སྒང་བུ་མོ་སྤུན་གསུམ་ནང་གི་གླུ་མ་གསེར་མཚོ། གླུ་བ་ཤེར་བསྟན་སོགས་ཀྱིས་འགྲན་ཚོགས་སྟེང་གླུ་གཞས་གྱེར་ནས་སྙན་མོ་ངག་གི་དབྱངས་རྟ་ལ་བརྟེན་ནས་འགྲན་ཞུགས་མི་སྣར་རྒྱབ་སྐྱོར་གྱི་རྣམ་པ་བསྟན་པ་ཡོད་འདུག
དེ་བཞིན་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་གི་དགེ་རྒན་ཆེན་མོ་སངས་རྒྱས་ལགས་དང་། སྦྲང་ཆར་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་ཟླ་བ་བློ་གྲོས་ལགས། མགོ་ལོག་ཁུལ་བོད་སྐད་ཡིག་ལས་དོན་གཞུང་ལས་ཁང་གི་འགན་འཛིན་དང་བོད་ཁུལ་གྱི་སྙན་ངག་པ་འཇུ་སྐལ་བཟང་ལགས་སོགས་ཀྱིས་ཚོགས་ཐོག་ཏུ་དཔྱད་གཏམ་སྤེལ་ཡོད་པ་རེད།།
{jcomments on}