བོད་རང་སྐྱོང་ལྗོངས་ཟེར་བའི་སྐུ་ཚབ་ཀྱིས་བལ་ཡུལ་དུ་སྐོར་བསྐྱོད།
ཟླ་འདིའི་ཚེས་༢༣ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་གཙོ་འཛིན་གཞོན་པ་ལི་ཧྲའོ་ཡིས་འགོ་འཁྲིད་ནས། སྐུ་ཚབ་ཁག་ཅིག་བལ་ཡུལ་དུ་སྐོར་བསྐྱོད་ལ་ཡོང་དོན་གཙོ་བོ་ནི། ཉེ་དུས་ཝིཀ་ལི་ཀི་དྲ་རྒྱས་གནད་དོན་ཆེ་བའི་འཛམ་གླིང་གི་གསང་བའི་གནས་ཚུལ་མང་པོ་ཞིག་ཕྱིར་བསྒྲགས་བྱེད་ཀྱི་ཡོད་པ་དང། དེའི་ནང་ལྡི་ལིར་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་གིས་གནས་ཚུལ་མཁོ་བསྒྲུབས་བྱེད་མྱོང་བ་ཞིག་བཏོན་ཡོད་པ་སྟེ། རྒྱ་གཞུང་གིས་བལ་ཡུལ་གྱི་གཞུང་འབྲེལ་མི་སྣ་ལ། བོད་ནས་བཙན་བྱོལ་དུ་ཡོང་མཁན་ཚོ་འཇུ་བཟུང་གིས་རྒྱ་གཞུང་ལ་རྩིས་སྤྲོད་དགོས་པ་དང། དེ་བཞིན་བལ་ཡུལ་དུ་ཡོད་པའི་བོད་མི་ཚོས་རྒྱ་ནག་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། དུས་ཐོག་བཀག་འགོག་བྱེད་དགོས་པའི་སྐུལ་མ་བཏང་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པས། ད་ཐེངས་བོད་རང་སྐྱོང་ལྗོངས་ཟེར་བའི་སྐུ་ཚབ་མི་སྣ་དང་བལ་ཡུལ་གཞུང་གཉིས་དབར་དེའི་སྐོར་གྲོས་མོལ་བྱེད་ཀྱི་ཡོད་པ་རེད།
ཉེ་བའི་ཟླ་གྲངས་འགའི་ནང་བལ་ཡུལ་དང་རྒྱ་ནག་གཉིས་དབར་གྲོས་མཐུན་བཞག་ཡོད་པའི་ནང་། བོད་ནས་བཙན་བྱོལ་ལ་ཡོང་མཁན་ཚོ་བཀག་འགོག་གི་ཆེད་དུ། བལ་ཡུལ་གྱི་ས་མཚམས་ཁག་ཏུ་དམག་མི་ཕོན་ཆེན་འཇོག་དགོས་པ་དང། དམག་མི་དེ་དག་གི་དགོས་མཁོའི་ཆ་རྐྱེན་རྒྱ་ནག་གཞུང་གི་ངོས་ནས་མཐུན་རྐྱེན་སྦྱོར་རྒྱུ་ཡིན་སྐོར་བཀོད་ཡོད་འདུག དེ་བཞིན་དེང་སྐབས་བལ་ཡུལ་དུ་བོད་མི་༢༠༠༠༠ ལྷག་ཙམ་སྐྱབས་བཅོལ་ལ་ཡོད་པས། དེ་དག་གིས་དུས་ནས་དུས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད་པ་རྣམས་དུས་ཐོག་བཀག་འགོག་བྱེད་དགོས་པའི་དགོས་འདུན་ཡང་བཏོན་ཡོད་པ་རེད།
ཉེ་དུས་བལ་ཡུལ་གྱི་རྫོང་ཁག་མི་འདྲ་བ་མང་པོ་ནས་རྫོང་དཔོན་དང་ས་གནས་སྐོར་སྲུང་བ་སོགས། པེ་ཅིང་དུ་མགྲོན་འབོད་བྱས་ཏེ་གཟའ་འཁོར་གཉིས་རིང། དམིགས་བསལ་གྱི་གཟབ་སྦྱོང་ཟེར་བ་ཞིག་སྤྲད་ཡོད་པ་དང། དེ་ཡང་གཙོ་བོ་རྒྱ་ནག་གཞུང་ལ་ངོ་རྒོལ་བ་ཚོས་ལས་འགུལ་སྤེལ་སྐབས་རྒྱ་ཁྱབ་ཏུ་མི་འགྲོ་བའི་ཆེད་དུ། ཚུལ་ཇི་ལྟར་བཀག་འགོག་བྱེད་དགོས་པ་དང། དམིགས་སུ་བཀར་ནས་བོད་མི་ཚོས་དུས་གང་དང་ས་གནས་གང་དུ་ལས་འགུལ་རྒྱུན་ལྡན་ལྟར་སྤེལ་བཞིན་ཡོད་པས། བལ་ཡུལ་གྱི་ས་གནས་དེ་དང་དེའི་སྐོར་སྲུང་བ་ཚོས་སྔོན་ཚུད་ནས་གྲ་སྒྲིག་དགོས་སྐོར་སོགས་ཀྱི་ཐད་ལ་ནན་བརྗོད་དང་ཟབ་ཁྲིད་བྱས་ཡོད་པ་རེད།
སྤྱིར་བལ་ཡུལ་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁུངས་སུ། བོད་མི་སྐྱབས་བཅོལ་བའི་བདེ་འཇགས་འགན་སྲུང་གི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད་ཀྱང། དེང་སྐབས་བལ་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བ་འཇུ་བཟུང་དང། རྒྱ་ནག་གཅིག་གི་ལམ་ལུགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། བོད་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་རེད་ཅེས་བརྗོད་མཁན་ཞིག་ཏུ་གྱུར་ཡོད་པ་རེད།
{jcomments on}