བོད་དེ་ཞི་བདེའི་ལྟེ་གནས་སུ་སྒྱུར་ཐབས་ཀྱི་ལས་འགུལ།
ཡ་དྷབ་ལགས་ཀྱིས་མང་ཚོགས་ཁྲོད་བོད་དོན་དྲིལ་བསྒྲགས་དང་། བོད་དེ་རྒྱ་ནག་གི་བཙན་འོག་ནས་ཞི་བའི་ངང་གློད་གྲོལ་ཐོབ་ཆེད་མང་ཚོགས་ལ་གོ་རྟོགས་སྤེལ་དེ། ཟླ་འདིའི་ཚེས་༡༠ ནས་རྒྱ་གར་གྱི་མཱ་དྷར་པར་དྷེ་ཤི་ས་གནས་ནས་བལ་ཡུལ་གྱི་ལུམྦི་ནི་གནས་ཆེན་བར་དུ་ཉིན་༥༠ རིང་ཞི་བའི་སྐོར་བསྐྱོད་བྱེད་ཀྱི་ཡོད་པ་དང་། ཟླ་འདིའི་ཚེས་༢༥ ཉིན་དྷ་སར་འབྱོར་ཏེ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཡོད་པ་རེད། སྐབས་དེར་ཁོང་གིས། “བོད་ཀྱི་ཞི་བའི་འཐབ་རྩོད་ལ་ཕམ་ཉེས་བྱུང་ན། མི་སུ་ཡིན་ཡང་འཚེ་བ་མེད་པའི་ལམ་ལ་ཡིད་ཐང་ཆད་དེ་འཛམ་གླིང་ནང་ཞི་བདེ་ཡོང་རྒྱུར་དཀའ་ངལ་འཕྲད་རྒྱུ་ཡིན་པས། འཚེ་བ་མེད་པའི་ལས་འགུལ་དེ་འཛམ་གླིང་གི་མི་མང་ཚང་མར་གལ་ཆེན་པོ་རེད། བོད་ཀྱི་ཞི་བའི་འཐབ་རྩོད་ལ་ཚང་མས་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་བྱེད་ཀྱི་ཡོད་”ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།
སྐུ་ཞབས་ཡ་དྷ་ལགས་ཀྱི་ལས་འགུལ་དེར་༢༠༠༩ ལོའི་བོད་ཀྱི་མཛངས་མ་བསྟན་འཛིན་ཆོས་འཛོམས་ལགས་ཀྱིས་རྒྱབ་སྐྱོར་རོགས་སྐྱོར་བྱེད་ཀྱི་ཡོད་པ་དང་། གསར་འགོད་གསལ་བསྒྲགས་དེའི་སྐབས་ཀྱང་བསྟན་འཛིན་ཆོས་འཛོམས་ལགས་ཀྱིས། “མི་རིགས་གཞན་པ་ཞིག་གིས་བོད་དོན་རྒྱབ་སྐྱོར་གནང་བ་དང་། ཁོང་གིས་འཛེམས་ཟོན་མེད་པར་རང་ཉིད་ཀྱི་ཁྲག་བཏོན་ནས། བོད་དོན་དང་འབྲེལ་བའི་ཡི་གེ་འབྲི་བ་སོགས་ཀྱི་ལས་འགུལ་སྤེལ་གྱི་ཡོད་པར་རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་སོང་།
སྐུ་ཞབས་ཡ་དྷབ་ལགས་ཀྱིས་དུས་རྒྱུན་“བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་རེད་”ཅེས་བརྗོད་དེ་ལས་འགུལ་སྤེལ་གྱི་ཡོད་པ་དང་། བོད་རང་བཙན་མ་ཐོབ་ན་རྒྱ་གར་གྱི་ས་མཚམས་བདེ་འཇགས་ལ་ཡང་གནོད་སྐྱོན་ཡོད་པས། བོད་དོན་འཐབ་རྩོད་བྱེད་པ་ནི་བོད་དང་རྒྱ་གར་གཉིས་ཀའི་ཁེ་ཕན་སྐོར་བརྗོད་དེ། སོ་སོའི་ཟུང་ཁྲག་གིས་བོད་དོན་སྙན་ཞུ་བྲིས་ཏེ། རྒྱ་གར་གྱི་སྲིད་བློན་དང་དེ་མིན་གྱི་དཔོན་རིགས་ཚོར་ཕུལ་གྱི་ཡོད་པ་རེད། །