གནའ་དེང་ཟུང་འབྲེལ་གྱི་ཐོག་ནས་སློབ་གཉེར་བྱེད་དགོས།

ཟླ་འདིའི་ཚེས་༢༣ ཉིན་༧གོང་ས་མཆོག་འབྲས་ལྗོངས་མངའ་ཁུལ་གྱི་མཛད་འཕྲིན་ཁག་ལེགས་གྲུབ་ཀྱིས་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པ་ཝང་ཀུ་མར་སོགས་གནད་ཡོད་མི་སྣ་མང་པོས་ཕེབས་སྐྱེལ་བྱས་ཤིང་། སྒང་ཏོག་ས་གནས་ཀྱི་ལམ་བར་དུ་ཁེལ་བའི་གུ་རུའི་ལྷ་ཁང་ཞེས་པའི་དགོན་པར་གནས་གཟིགས་མཛད་རྗེས། ས་ལུ་གྷ་རར་ཡོད་པའི་རྟ་མང་དགོན་དང་། སྲད་རྒྱུད་མ་དགོན་དུ་༸ཞབས་སོར་འཁོད་སྐབས་སྲད་རྒྱུད་མ་དགོན་དུ་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་དང་། འཕགས་པ་སྤྱན་རས་གཟིགས་བཀའ་དབང་སོགས་གནང་ཡོད་པ་རེད།

ཚེས་༢༦ ཉིན་ཕྱིར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ནས། བོད་ཁྱིམ་གྱི་ཚོགས་ཁང་དུ་ལྡི་ལིའི་མཐོ་སློབ་ཁག་ཏུ་བསྐྱོད་བཞིན་པའི་བོད་རིགས་དགེ་སློབ་༦༠༠ ལྷག་ལ་བོད་ཀྱི་སྐད་ཡིག་སློབ་གཉེར་ཡག་པོ་བྱེད་དགོས་སྐོར་གྱི་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད། དེ་ཡང་༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། བོད་ནང་རྒྱ་ནག་གིས་དབང་བསྒྱུར་བྱས་ཏེ་འདས་པའི་ལོ་ངོ་༦༠ ལྷག་ཙམ་གྱི་འགྱུར་ལྡོག་ཆེན་པོ་དེས་ང་ཚོ་བོད་མི་རིགས་དང། བོད་ཀྱི་རིག་གཞུང་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཆགས་ཡོད་པས། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་དང་།

སྐད་ཡིག་སྐོར་བཀའ་སློབ་གནང་དོན། དེ་བཞིན་བོད་ནང་དར་འཕེལ་བྱུང་བའི་ནང་པ་སངས་རྒྱས་ཀྱི་བསྟན་པར་བོད་ཀྱི་མཁས་པ་རིམ་བྱོན་གྱིས་སློབ་གཉེར་མཐར་ཕྱིན་པ་མཛད་དེ་གཞུང་ཆེན་མོ་རྣམས་ལ་འགྲེལ་པ་དང་ཡང་འགྲེལ་སོགས་བརྩམས་ཡོད། སངས་རྒྱས་ཀྱི་བསྟན་པ་བོད་ནང་དར་འཕེལ་ཆེན་པོ་བྱུང་བ་དང་། དེང་སང་འཛམ་གླིང་ནང་ནང་པ་སངས་རྒྱས་པའི་ཆོས་ཤིག་བཤད་དགོས་ཚེ། བོད་གངས་ཅན་གྱི་ལྗོངས་ལ་དར་འཕེལ་བྱུང་བའི་ནང་པ་སངས་རྒྱས་པའི་ཆོས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་སྤུས་དག་ཤོས་དང་རྒྱ་ཆེ་ཤོས་ཆགས་ཡོད་པ་བཞིན། དེ་ལྟ་བུའི་ནང་པ་སངས་རྒྱས་པའི་ཆོས་ལ་འགྲེལ་བཤད་རྒྱག་རྒྱུའི་སྐད་ཡིག་དེ་བོད་ཡིག་ཡག་ཤོས་ཆགས་ཡོད་ཅེས་ངས་སྤོབས་པ་བྱས་ནས་ཤོད་ཀྱི་ཡོད་ཅེས་དང་།

མུ་མཐུད་བཀའ་སློབ་གནང་དོན། ང་ཚོར་དེང་རབས་ཤེས་ཡོན་གཅིག་པུས་མི་ཚེ་བདེ་སྐྱིད་ལྡན་པ་བཟོ་རྒྱུ་ཁག་པོ་ཡིན་པས། ཆོས་ནས་བཤད་པའི་སྐྱེ་བ་སྔ་ཕྱི་སོགས་ཁས་ལེན་བྱེད་མ་ཐུབ་ཀྱང་། ཆོས་ནས་གསུངས་པའི་སེམས་པ་བཟང་པོ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། སེམས་པ་བཟང་པོ་བྱེད་རྒྱུ་དེས་རང་གཞན་ཀུན་ལ་བདེ་སྐྱིད་བསྐྲུན་ཐུབ་ཀྱི་རེད། ཁྱེད་རང་ཚོ་ཆོས་ལ་དད་པ་ཡོད་རུང་མེད་རུང་སངས་རྒྱས་པའི་གཞུང་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སངས་རྒྱས་པའི་གཞུང་སློབ་སྦྱོང་བྱས་པའི་ཐོག་ནས་སེམས་ནང་བསམ་བློ་གསར་པ་བསླེབ་རྒྱུར་ཁྱད་པར་ཞེ་དྲག་ཡོད་པ་རེད། དེར་བརྟེན་ནང་པའི་ལྟ་གྲུབ་དེ་དག་ཤེས་ཡོན་རྐྱང་པའི་ཐོག་ནས་བསླབ་རྒྱུ་ཞེ་དྲག་གལ་ཆེན་པོ་རེད། འབྲིང་རིམ་སློབ་གྲྭ་ཐོན་ནས་གཙུག་ལག་སློབ་གྲྭ་ཁག་ཏུ་ཕྱིན་པའི་སྐབས་སྤྱོད་པ་བག་ཡངས་སོགས་བྱས་ཏེ་སློབ་སྦྱོང་ལ་ཧུར་བརྩོན་མ་བྱས་པར་འཁྱམས་ནས་འཕྲོ་བརླག་འགྲོ་མཁན་ཡོད་པ་བོད་་པ་མ་ཟད་ཡུལ་མི་ཚོས་ཀྱང་དེ་ལྟར་ཤོད་ཀྱི་འདུག

དེ་ཚོའི་རིགས་གཟབ་གཟབ་བྱེད་དགོས། དུས་ཚོད་ཉིན་མ་གཅིག་ཡིན་ནའང་འཕྲོ་བརླག་ཏུ་མ་བཏང་བར་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སློབ་སྦྱོང་དེ་ཀླད་པའི་ཡོན་ཏན་གཅིག་པུ་མིན་པར་ལྷག་བསམ་གྱི་ཡོན་ཏན་ཟུང་དུ་འབྲེལ་བ་ཞིག་དགོས། དེའི་རྩ་བ་ནི་བོད་ཡིག་དང་བོད་མི་རིགས་ཀྱི་གནའ་རབས་ཀྱི་ཤེས་ཡོན་ལ་ཐུག་ཡོད། བོད་ཀྱི་གནའ་རབས་ནས་དར་བའི་སོ་སོའི་ཆོས་དང་རིག་གཞུང་སློབ་གཉེར་བྱེད་རྒྱུ་དང། དེ་དང་མཉམ་དུ་དེང་རབས་ཀྱི་ཤེས་ཡོན་ལྡན་པའི་མི་སྣ་ཞིག་ཆགས་ན་འདབ་ཤོག་གཉིས་ལྡན་དང་བོད་མི་ཆ་ཚང་བ་ཞིག་ཆགས་ཀྱི་རེད། དེར་བརྟེན་ཁྱེད་རང་ཚོར་གནའ་དེང་ཟུང་འབྲེལ་གྱི་ཐོག་ནས་སློབ་གཉེར་བྱེད་དགོས་ཞེས་སོགས་ཀྱི་ལམ་སྟོན་བཀའ་སློབ་གནང་རྗེས་སློབ་ཕྲུག་གིས་དྲི་བར་བཀའ་ལན་ཡང་གནང་ཡོད་པ་རེད།།

ཚེས་༣༠ ཉིན་༧གོང་ས་མཆོག་ནས་ཀེ་ར་ལ་མངའ་སྡེའི་ཝར་ཀ་ལར་Sanyasi Sammelanam ཞེས་པའི་ཧིན་དྷུའི་ཆོས་ལུགས་ཀྱི་དུས་ཆེན་ཞིག་དབུ་འབྱེད་གནང་རྒྱུ་དང་། དེ་ནས་ཕྱི་ཟླ་༡ པོའི་ཚེས་༩ ཉིན་ལྡི་ལིར་དེང་རབས་སློབ་གྲྭའི་ཚོགས་ཁང་ཞེས་པར་ཏུའུ་སི་ཊ་ནང་ཆོས་གཅེས་སྐྱོང་ཁང་དབུ་བརྙེས་ནས་ལོ་སུམ་ཅུ་འཁོར་བའི་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་བདེ་སྐྱིད་ཀྱི་གནས་རིམ་འདྲ་མིན་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ། ཚེས་༡༢ ནས་ཝཱ་ར་ཎ་སིར་གསུང་ཆོས་དབུ་འཛུགས་གནང་རྒྱུ་ཡིན་པ་རེད།།

{jcomments on}