དམག་འཁྲུག་ལ་འཇིགས་སྣང་སྐྱེས་ན་ཕར་རྒོལ་བྱེད་མི་ཐུབ།

ཟླ་འདིའི་ཚེས་༢༧ ཉིན་ཨ་རིའི་ནིའུ་ཡོག་དུས་བབ་སོགས་སུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་བ་སྔོན་མ་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་རྩོད་གཞི་ཅན་གྱི་གླིང་ཕྲན་ཡཱོན་ཕིང་ཞེས་པའི་ནང་། ལྷོ་ཀོ་རི་ཡའི་མི་༤ བསད་ཡོད་པ་དང། དེ་བཞིན་ཟླ་གྲངས་འགའི་སྔོན་ནས་༤༦ གར་སོང་ཆ་མེད་སོང་བ་སོགས་ཀྱིས། ལྷོ་བྱང་ཀོ་རི་ཡ་གཉིས་དབར་དམག་འཁྲུག་གི་ཉེན་ཁ་ཆེན་པོ་ཆགས་བཞིན་ཡོད་པ་རེད། འཆར་ལོའི་ཟླ་༢ པའི་ནང་རྒྱ་ནག་དང་ལྷོ་ཀོ་རི་ཡའི་བདེ་སྲུང་བློན་ཆེན་གཉིས་པེ་ཅིང་དུ་ཐུག་འཕྲད་ཀྱིས། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་གནས་བབ་ཐོག་གྲོས་མོལ་བྱེད་འཆར་ཡོད་པ་དང།  དེ་ཡང་གཙོ་བོ་རྒྱ་ནག་གིས་བྱང་ཀོ་རི་ཡའི་ཕྱོགས་སུ་ལངས་ནས། དམག་འཁྲུག་གི་དོན་རྐྱེན་ཐད་ལ་ཐེ་གཏོགས་མང་པོ་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཡིན་འདུག

southkoreanpresidentལྷོ་ཀོ་རི་ཡའི་སྲིད་འཛིན་ལཱི་མི་ཡཱང་གིས་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་བྱས་དོན། ང་ཚོ་ག་དུས་ཆིག་སྒྲིལ་གྱི་རྣམ་པའི་ཐོག་གནས་པ་ཡིན་ན། དེ་དུས་བྱང་ཀོ་རི་ཡའི་ཕྱོགས་ནས་ང་ཚོར་ཁ་གཏད་གཅོག་ཐུབ་ཀྱི་མེད་པ་དང། ཁ་གཏད་གཅོག་པའི་འཆར་འགོད་དེའང་ནུས་མེད་ཆགས་ཀྱི་རེད། ང་ཚོས་ཤེས་རྟོགས་བྱུང་ཡོད་པ་ཞིག་ནི། ནུས་སྟོབས་དང་ལྡན་པའི་ཐོག་ནས་དམག་དཔུང་གི་འཇིགས་སྐུལ་རྣམས་ལ་ཁ་གཏད་གཅོག་ཐུབ་ན། དེ་ནི་དམག་འཁྲུག་སྔོན་འགོག་དང་ཞི་བདེ་བརྟན་སྲུང་བྱས་པ་ཞིག་ཡིན་པས། ད་ལྟའི་སྐབས་ལྷོ་ཀོ་རི་ཡའི་བདེ་འཇགས་ལ་བལྟས་ན། མི་མང་གིས་ཁྱེད་དང་ང་ཞེས་ཕྱོགས་རིས་བྱས་ནས་སྡོད་པའི་དུས་སྐབས་མིན་པར། ང་ཚོའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་མང་གི་ཚེ་སྲོག་ལ་ཉེན་ཁ་ཆགས་ཡོད་པས། ཚང་མ་ཆིག་སྒྲིལ་བྱེད་རྒྱུ་གལ་ཆེན་པོ་ཡིན་ཞེས་བརྗོད་ཡོད་པ་རེད།

ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཟུང་འབྲེལ་གྱི་ཐོག་ནས། དམག་སྦྱོང་དང་གོ་མཚོན་སོགས་ཀྱི་འབྲེལ་ལམ་བཟང་དུ་བཏང་ཡོད་པ་དང། དེ་བཞིན་ཉི་ཧོང་གཞུང་གི་ཕྱོགས་ནས་ཀྱང་ལྷོ་ཀོ་རི་ཡའི་བདེ་འཇགས་ལ་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་རེད། ཉེ་དུས་ལྷོ་ཀོ་རི་ཡའི་བདེ་སྲུང་བློན་ཆེན་ལས་གནས་ནས་རྩ་དགོངས་ཞུས་ཡོད་ཀྱང། ད་ཐེངས་ལྷོ་ཀོ་རི་ཡའི་ཕྱོགས་ནས་དམག་དཔུང་གི་ནུས་ཤུགས་རྒྱ་བསྐྱེད་དང།  སྔོན་དུས་ལས་མང་བ་དམག་ཁོངས་སུ་དང་བླང་གི་ཐོག་ནས་འཛུལ་ཞུགས་བྱེད་མཁན། མཐོ་རིམ་དང་གཙུག་ལག་སློབ་གྲྭའི་སློབ་མ་མང་དུ་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

{jcomments on}