རྒྱ་ནག་གི་སྟོབས་ཤུགས་དེས་རྒྱ་གར་ལ་ཉེན་འཚབ་ཡོད་པ་རེད།

བོད་རྒྱ་ནག་གིས་དབང་སྒྱུར་བྱས་ནས་བཟུང། རྒྱ་དཀར་ནག་གཉིས་དབར་ས་ཁུལ་མང་པོའི་ཕྱོགས་ནས་ས་མཚམས་ཆགས་ཡོད་པ་དང། ཕྱི་ལོ་༡༩༦༢ རྒྱ་དཀར་ནག་གཉིས་དབར་ས་མཚམས་འཐབ་རྩོད་ཀྱི་དམག་འཁྲུག་ལངས་ནས། རྒྱ་གར་གྱི་ས་ཆ་སྤྱི་ལེ་གྲུ་བཞི་མ་སྟོང་ཕྲག་མང་པོ་རྒྱ་ནག་གིས་དབང་སྒྱུར་བྱས་ཡོད་པ་དང། དེང་སྐབས་རྒྱ་གར་གྱི་ས་མཚམས་ཁག་ཏུ་རྒྱ་ནག་གིས་གཞུང་ལམ་བཟོས་པ་དང། ས་མཚམས་འགའ་རེ་དང་ཉེ་བའི་སར་མེ་འཁོར་ལྕགས་ལམ་གྱི་འཆར་འགོད་བྱེད་བཞིན་པ་སོགས། རྒྱ་གར་གྱི་བདེ་འཇགས་ལ་ཉིན་རེ་ནས་ཉིན་རེ་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

ཟླ་འདིའི་ཚེས་༢༥ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཉེ་སྔོན་རྒྱ་གར་དབུས་གྲོས་ཚོགས་ཁང་དུ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སྐོར་གླེང་སློང་མང་པོ་བྱུང་ཡོད་ཅིང། ཕྱོགས་འགལ་ཚོགས་པ་སོགས་ཀྱིས་གཞུང་གིས་འདིའི་སྐོར་གྲ་སྒྲིག་འཐུས་ཚང་བྱེད་ཀྱི་མེད་པ་དང། ངེས་པར་དུ་བགྲོ་གླེང་དང་འཆར་འགོད་བྱེད་དགོས་པའི་སྐོར་ནན་བརྗོད་བྱས་ཡོད་པས། གྲོས་ཚོགས་ལས་དོན་བློན་ཆེན་པཱ་ཝན་ཀུའུ་མར་དང། དཔལ་འབྱོར་བློན་ཆེན་པཱིར་ནཱབ་མུ་ཁར་ཇི་སོགས་ཀྱིས། གནད་དོན་དེའི་ཐད་གང་མགྱོགས་བགྲོ་གླེང་དང་འཆར་འགོད་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། དེ་བཞིན་ཕྱི་སྲིད་ལྷན་ཁང་གིས་ངེས་པར་དུ་གནད་དོན་དེའི་ཐད་ལ་ཞིབ་འཇུག་དང། དམག་དོན་ལྷན་ཁང་གིས་འཐབ་ཇུས་སོགས་ལ་གྲ་སྒྲིག་བྱེད་དགོས་སྐོར་ཡང་གླེང་སློང་བྱས་ཡོད་པ་རེད།

རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་སཱ་མཱ་ཇི་ཝ་ཌི་ཆབ་སྲིད་ཚོགས་པའི་ཚོགས་གཙོ་མཆོག་གིས། “ང་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཡིན་པའི་སྐབས། རྒྱ་དཀར་ནག་གཉིས་དབར་གྱི་གཞུང་ལམ་རྣམས་དེང་སྐབས་ཁ་ཕྱོགས་གཞན་དུ་བསྒྱུར་ནས། ས་མཚམས་ཁག་ཏུ་རྒྱ་ནག་གི་གཞུང་ལམ་ལྡབ་འགྱུར་མང་དུ་སོང་ཡོད་རུང་། རྒྱ་གར་དམག་དཔུང་ཁང་གི་དཔོན་རིགས་ཚོར་དེའི་སྐོར་གདེང་ཚོད་མེད་པ་དང་། དབུས་འཛིན་སྐྱོང་གི་ངོས་ནས་ཕྱོགས་འགལ་ཚོགས་པ་དང་ལྷན་དུ་གྲོས་མོལ་གྱིས། ཕྱི་སྲིད་ཐད་ལ་གྲ་སྒྲིག་འཐུས་ཚང་བྱེད་དགོས་ཤིང་། སྲིད་བློན་མན་མཱོ་ཧན་སིང་མཆོག་གིས་འདིའི་སྐོར་གསུང་བཤད་སོགས་གང་ཡང་མེད་པ་དེའང། མི་མང་ལ་སེམས་འཚབ་སྐྱེས་དགོས་པའི་གནད་དོན་ཞིག་ཆགས་ཡོད་པ་རེད་”ཅེས་གསུངས་ཡོད་པ་རེད།

ཡང་ཁོང་གིས། “ད་ལྟའི་སྐབས་རྒྱ་ནག་བརྒྱུད་ནས་རྒྱ་གར་དུ་པཱ་ཀི་སི་ཐན་གྱི་འཇིགས་སྐུལ་རིང་ལུགས་པ་ཡོང་གི་ཡོད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ས་ཁུལ་ལ་དྭགས་དང་འབྲས་ལྗོངས། ཧི་མཱ་ཅལ་མངའ་སྡེ། ཨུ་ཊར་ཁང། ཨ་རུ་ནཱ་ཅལ་མངའ་སྡེ་བཅས་ཀྱི་ས་མཚམས་ཁག་ཏུ་གཞུང་ལམ་རྒྱ་བསྐྱེད་བཏང་ནས། རྒྱ་གར་གྱི་ས་མཚམས་ཁག་ཏུ་མགྱོགས་པོ་བཙན་འཛུལ་བྱེད་ངེས་ཡིན་རུང། རྒྱ་གར་གཞུང་ལ་ད་དུང་ཡང་གྲ་སྒྲིག་མེད་པ་དེ་འཇིགས་སྣང་སྐྱེས་དགོས་པ་ཞིག་ཡིན་པ་རེད་”ཅེས་གསུངས་ཡོད་པ་རྣམས། རྒྱ་གར་གྱི་དྲ་རྒྱ་ཁག་ཏུ་བཀོད་ཡོད་པས་མི་མང་པོས་རྒྱབ་སྐྱོར་བྱས་ཡོད་པ་རེད། འགའ་རེས་རྒྱ་ནག་དེང་སྐབས་ནུས་སྟོབས་ཆེན་པོ་ཆགས་ནས། ཨ་རི་ལ་ཁ་གཏད་གཅོག་གི་ཡོད་པ་དང། བཟོ་ལས་ཀྱིས་ཨ་རིའི་མི་མང་ས་ཡ་མང་པོའི་ལས་ཀ་ཤོར་བཞིན་ཡོད་པས། རྒྱ་ནག་གི་སྟོབས་ཤུགས་ལ་དོགས་ཟོན་བྱེད་དགོས་སྐོར་མང་པོ་བརྗོད་ཡོད་པ་རེད།

{jcomments on}