བོད་པས་རྒྱ་གར་གྱི་མི་སེར་ལག་ཁྱེར་དགོས་པའི་ཁྲིམས་གཏུག

ཟླ་འདིའི་ཚེས་༢༩ ཉིན་རྒྱ་གར་གྱི་ཧིན་རྡུ་དུས་བབ་སྟེང་གནས་ཚུལ་སྤེལ་བ་ལྟར་ན། བོད་པའི་བུད་མེད་རྣམ་རྒྱལ་སྒྲོལ་དཀར་ཞེས་པ་༡༩༨༦ ཟླ་༤ ཚེས་༡༣ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་སྐྱེས་པ་དང།  བུད་མེད་དེས་ཁྲིམས་རྩོད་པ་རཱོ་སི་ནཱ་སུ་ཝ་མི་ཟེར་བ་ཞིག་བཙལ་ནས། དང་ཐོག་ལྡི་ལི་ས་གནས་ལག་ཁྱེར་ལས་ཁུངས་སུ་རྒྱ་གར་མི་སེར་གྱི་ཐོབ་ཐང་དགོས་པའི་ཞུ་གཏུགས་བྱེད་སྐབས། ལས་ཁུངས་དེ་ནས་ཐོབ་ཐང་མེད་ལུགས་བརྗོད་ནས་ཕྱིར་སློགས་བྱས་ཡོད་པ་དང། དེ་ནས་ལྡི་ལིའི་ཁྲིམས་ཁང་ནང་ལོ་༡ དང་ཟླ་༣ རིང་ཞུ་གཏུགས་བྱས་ཡོད་པ་རེད།

མཐར་རྒྱ་གར་དབུས་གཞུང་གིས་བཀའ་རྒྱའི་ནང་། ༡༩༨༦ ཟླ་༡༡ ཚེས་༢༨ ཉིན་ནས་མི་སེར་ཐོབ་ཐང་གི་ཁྲིམས་ལུགས་ལ་སྒྱུར་བཅོས་བཏང་ཟིན་པ་དང། དེའི་སྔོན་དུ་༡༩༥༠ ཟླ་༡ ཚེས་༢༦ ནས་མི་སེར་ཐོབ་ཐང་གི་ཁྲིམས་ལུགས་ལ་སྒྱུར་བཅོས་མ་བཏང་བའི་དབར། རྒྱ་གར་ནང་སྐྱེས་པའི་མི་ཡིན་ན་མི་སེར་གྱི་ཐོབ་ཐང་ཡོད་པས། བོད་པའི་བུད་མེད་རྣམ་རྒྱལ་སྒྲོལ་དཀར་༡༩༨༦ ཟླ་༤ ཚེས་༡༣ ཉིན་སྐྱེས་པས་ཁྲིམས་ལུགས་ཀྱི་ཐོག་ནས་རྒྱ་གར་མི་སེར་གྱི་ཐོབ་ཐང་རག་ཡོད་པ་རེད། དེ་དང་འབྲེལ་ནས་ཁྲིམས་དཔོན་གྱིས། ཕ་མ་ཕྱི་རྒྱལ་ཡིན་མིན་ལ་མ་ལྟོས་པར་ཁྲིམས་ལུགས་སྒྱུར་བཅོས་སྔོན་གྱི་དུས་ཚོད་དེའི་ནང་རྒྱ་གར་དུ་སྐྱེས་པ་ཞིག་ཡིན་ན། རྒྱ་གར་མི་སེར་གྱི་ཐོབ་ཐང་ཡོད་པ་རེད་ཅེས་བརྗོད་ཡོད་པ་དང། རྣམ་རྒྱལ་སྒྲོལ་དཀར་གྱི་ཕ་མ་གཉིས་བོད་ནས་ཕེབས་པ་ཞིག་ཡིན་པ་རེད།

ལྡི་ལི་ཁྲིམས་ཁང་ནས་ས་གནས་ལག་ཁྱེར་ལས་ཁུངས་ནས། བུད་མེད་རྣམ་རྒྱལ་སྒྲོལ་དཀར་གྱི་ཞུ་གཏུགས་ལ་རྒྱུ་མཚན་མེད་པ་དང།  ཁྲིམས་དང་མི་མཐུན་པར་བརྩིས་ནས་ཕྱིར་སློག་བྱས་པ་དེ་ཁྲིམས་འགལ་ཆགས་ཡོད་པས། ཕྱི་སྲིད་བློན་ཆེན་ལ་ཧིན་སྒོར་༥༠༠༠ གི་ཆད་པ་བཅད་ཡོད་པ་རེད།

{jcomments on}