བལ་ཡུལ་ལ་རབ་འབྱམས་རྒྱུགས་སྤྲོད་ཆེན་མོ་དབུ་འཛུགས།

payul2ཟླ་འདིའི་ཚེས་༡༩ ཉིན་རབ་འབྱམས་པའི་རྒྱུགས་སྤྲོད་ཆེན་མོའི་དབུ་འཛུགས་མཛད་སྒོ་དེ་བལ་ཡུལ་མཆོད་རྟེན་ཉེ་འགྲམ་དུ་གནས་བའི་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དགོན་པའི་སློབ་གྲྭའི་ཚོགས་ཁང་དུ་ཚོགས་ཡོད་པ་དང།  སྐབས་དེར་སྐུ་མགྲོན་གཙོ་བོ་དགེ་ལྡན་བསྟན་པའི་གསལ་བྱེད་བླ་མ་བཟོད་པ་རིན་པོ་ཆེ་མཆོག་དང་། བོད་མི་མང་སྤྱི་འཐུས་འཕེལ་རྒྱས་སྒྲོལ་མ་འཚོ་མོ། བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་སྐུ་ཞབས་འཕྲིན་ལས་རྒྱ་མཚོ་སོགས་ཚོགས་ཐོག་ཏུ་ཕེབས་ཡོད། ཐོག་མར་བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ངག་དབང་སྐལ་བཟང་གིས་མཛད་སྒོ་དང་འབྲེལ་གཏམ་བཤད་གནང་སྐབས། བལ་ཡུལ་ནང་རབ་འབྱམས་པའི་རྒྱུགས་སྤྲོད་ཆེན་མོ་དེ་བལ་ཡུལ་ནང་གསར་འཛུུགས་གནང་པའི་བལ་ཡུལ་དགེ་ལྡན་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་དང་འབྲེལ་ཡོད་མི་སྣ་ཡོངས་གྲོས་མོལ་གོ་བསྡུར་ཡང་ཡང་བྱས་པའི་ཚོགས་པའི་ལས་དོན་གཙོ་པོ་ཞིག་ཡིན་པས། ད་ཆ་ལེགས་གྲུབ་བྱུང་བ་དང་། ནམ་རྒྱུན་དགོན་པ་ཁག་སོ་སོར་བསླབ་པ་སློབ་གཉེར་ཚགས་ཚུད་སྲ་བརྟན་དང་རྒྱུགས་སྤྲོད་ཆེན་མོ་སོགས་སྤེལ་བཞིན་པ་ཡིན་ཡང། ད་ལོ་ནས་བཟུང་དགེ་ལྡན་དགོན་སྡེ་ཁག་མཉམ་འབྲེལ་ཐོག་རབ་འབྱམས་པའི་རྒྱུགས་སྤྲོད་ཆེན་མོ་དངོས་སུ་དབུ་འཛུགས་བྱེད་རྒྱུ་བྱུང་བ་ནི་བལ་ཡུལ་དུ་ལོ་རྒྱུས་སྟེང་ཐོག་མ་ཆགས་ཀྱི་ཡོད་ཚུལ། མ་ཟད་དུས་རྒྱུན་༧གོང་ས་མཆོག་གིས་དགོན་སྡེ་གྲྭ་ཚང་ཁག་གི་ལྷ་ཁང་དང། གཙུག་ལག་ཁང་སོགས་རྒྱ་ཆེན་དང་རྫིག་པོ་སོགས་གནང་མ་དགོས་པར་གཙོ་བོ་ནང་གི་དགེ་འདུན་པ་ཚོ་ཚད་ལྡན་ཁྲིམས་གཙང་གནང་གལ་ཆེ་བ་ཡང་ཡང་གསུངས་བཞིན་པ་ལྟར། ད་ཐེངས་ཀྱི་ང་ཚོའི་ལས་འཆར་འདི་ཡང་རྒྱལ་བའི་དགོངས་གཞི་དང་ཡོངས་སུ་མཐུན་གྱི་ཡོད་པས་ན་རྒྱལ་བ་དགྱེས་བའི་མཆོད་སྤྲིན་དུ་གྱུར་ཡོད་པ་སྐོར་སོགས་གསུངས་སོང་།

ཡང་བལ་ཡུལ་བོད་མིའི་སྤྱི་ཁྱབ་འབྲེལ་མཐུད་པ་སྐུ་ཞབས་འཕྲིན་ལས་རྒྱ་མཚོས་མང་ཚོགས་ཚོར་གཏམ་བཤད་སྐབས་ཆེ་བསྟོད་བསྔགས་བརྗོད་དང་འབྲེལ་གཙོ་བོ་བོད་ཀྱི་བླ་སྤྲུལ་དང་། མཁན་པོ་རྣམ་པ་ཕྱིའི་ཡུལ་ལུང་ཁག་ཏུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྣ་མང་སྐྱོང་བའི་སྐབས་བོད་མི་གཙོས་ཚོགས་ཞུགས་མི་སྣ་ཚོར་བཙན་བྱོལ་བོད་ཀྱི་ཆབ་སྲིད་ལངས་ཕྱོགས་དང་སྲིད་ཇུས་སོགས་ངོ་སྤྲོད་གང་མང་གནང་ཐུབ་པ་བྱུང་ན་ཤིན་ཏུ་ཕན་ཐོགས་རྒྱ་ཆེན་ཡོད་བ་སོགས་ཀྱི་རེ་སྐུལ་བྱས་སོང་། ད་དུང་སྐབས་དེར་ཀོ་པན་མཁན་པོ་དང་འབྲེལ་ཡོད་མི་སྣས་སློབ་གཉེར་བྱེད་ཕྱོགས་སོགས་དང་འབྲེལ་བའི་བླང་དོར་བཀའ་སློབ་གནང་ཡོད། མཛད་སྒོ་དང་འབྲེལ་ད་ལོའི་རྒྱུགས་སྤྲོད་ཆེན་མོ་དེ་ཡང་མཉམ་དུ་དབུ་འཛུགས་བྱས་ཡོད་པའི་ཁོངས་སུ་དགོན་སྡེ་ཁག་འདྲ་མིན་ནས་དགེ་འདུན་པ་བཅུ་དང་བཙུན་མ་བཅུ་གཅིག་མཉམ་ཞུགས་བྱས་ཡོད་པ་ཚོས་བདུན་ཕྲག་གཉིས་རིང་གཞུང་ཆེན་ལྔའི་ཐོག་ཕྱོགས་འདྲ་མིན་ནས་རྒྱུགས་སྤྲོད་བྱེད་རྒྱུ་ཡིན་པ་རེད།

བལ་ཡུལ་དགེ་ལྡན་ལྷན་ཚོགས་ནི་བལ་ཡུལ་རྒྱལ་ནང་གི་དོལ་རྒྱལ་སྟེན་གསོལ་མི་བྱེད་པའི་དགེ་ལུགས་དགོན་པ་ཁག་གི་གཞུང་ཆེན་ཤེས་ཡོན་ཡར་རྒྱས་ཚགས་ཚུད་ཡོང་སླད་ཕྱི་ལོ་༢༠༠༩ ལོར་དངོས་སུ་བལ་ཡུལ་གཞུང་ལ་དེབ་སྐྱེལ་གསར་འཛུགས་གནང་པའི་ཚོགས་པ་ཞིག་ཡིན་པ་དང། ཚོགས་པའི་དམིགས་ཡུལ་ལས་མཆར་ཁག་ཡིག་ཆ་ཁག་ལ་འཁོད་པ་ལྟར་ན། བལ་ཡུལ་ནང་རྣམ་འགྲེལ་རྩོད་པ་འཇང་དགུན་ཆོས་ཀྱི་ཆོས་ཐོག་ཆེན་མོ་ལོ་ལྟར་སྐོང་ཚོགས་ཞུ་རྒྱུ་དང་། གཞུང་ཆེན་བཀའ་པོད་ལྔ་ཡི་རྒྱུགས་སྤྲོད་ཆེན་མོ་ལོ་ལྟར་གྲ་སྒྲིག་ཞུ་རྒྱུ། ལྷན་ཚོགས་འདིའི་ཁྱབས་ཁོངས་དགོན་སྡེ་ཁག་གི་སློབ་མ་རྩེ་ཕུད་རྣམས་ལ་ལོ་ལྟར་རྩེ་ཕུད་ཀྱི་བྱ་དགའ་སྤྲོད་རྒྱུ། མི་མང་རྣམས་ལ་ནང་ཆོས་ཀྱི་གོ་རྟོགས་སྤེལ་ཆེད་ཟབ་སྤྱོང་གོ་སྒྲིག་ཡང་ཡང་ཞུ་རྒྱུ་སོགས་ལས་མཆར་གཙོ་བོ་ཁག་བཞི་ཙམ་ཡོད་པ་ད་ཆ་ལག་ལེན་དུ་བསྟར་བཞིན་པའི་ཁོངས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ཆོས་ཕྱོགས་ཀྱི་བྱེད་སྒོ་ཆེད་དཔལ་འབྱོར་གྱི་མ་དངུལ་གསོལ་རས་བསྩལ་གནང་ཡོད་འདུག།

བལ་ཡུལ་ས་གནས་གསར་འགོད་པ་ཀླུ་མོ་སྒྲོལ་མས།

{jcomments on}