བལ་ཡུལ་དུ་སོ་ནམ་ལོ་སར་སྲུང་བརྩི་བྱས་པ།
དགུ་རོང་མི་རིགས་ཚོས་སྲུང་བརྩི་བྱེད་བཞིན་པའི་རྟ་མོའུ་ལོ་སར་ཞེས་པ་ནི་སྲོལ་རྒྱུན་བཞིན་ལོ་རེའི་བལ་ལོའི་ཟླ་དགུ་བའི་ཚེས་༡༥ ལ་སྲུང་བརྩི་བྱེད་བཞིན་པ་དང། ད་ལོ་ཕྱི་ཟླ་༡༢ ཚེས་༣༠ ཉིན་འཁེལ་ཡོད་པར་ཉིན་དེར་ཁོང་ཚོས་སྲོལ་རྒྱུན་གྱི་རྒྱན་གོས་སྤྲས་པ་དང་། ཉིན་དེར་རྒྱལ་ས་ཀ་ཐ་མན་ཀྲུར་ཆ་བཞག་ན་བལ་ཡུལ་རྒྱལ་ནང་གི་ནང་པའི་གནས་ཆེན་མཆོད་རྟེན་བྱ་རུང་ཁ་ཤོར་ཆེན་མོ་དང། འཕགས་པ་ཤིང་ཀུན། ད་དུང་ཀོ་པན་དགོན་པ་སོགས་ནང་པའི་གནས་ཆེན་དང་དགོན་སྡེ་ཁག་ལ་སོང་ནས་མཆོད་འབུལ་མཇལ་སྐོར་བྱས་པ་མ་ཟད། ད་དུང་ཕ་མ་གཙོས་རྒན་རབས་པ་དང་། སྤུན་མཆེད་གྲོགས་པོ་ཕན་ཚུན་བར་ཁམས་འདྲི་དང་མཉམ་བཟའ་བཏུང། ད་དུང་འབྲེལ་ཡོད་ཚོགས་སྡེ་ཁག་གིས་རྒྱལ་སའི་བོན་ཐང་ལ་རིག་གཞུང་ངོ་སྤྲོད་བརྗེ་རེས་བྱེད་པའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་འདྲ་མིན་སྤེལ་བ་སོགས་བྱས་ཡོད་པ་རེད།
དགུ་རོང་མི་རིགས་ཚོགས་པས་གོ་སྒྲིག་བྱས་པའི་ལོ་སར་མཛད་སྒོའི་ཐོག་བལ་ཡུལ་རྒྱལ་ཁབ་ཀྱི་སྲིད་འཛིན་Dr Ram Baran Yadav མཆོག་དང་ད་ལྟའི་གྲོས་ཚོགས་ཀྱི་ཚོགས་གཙོ་Nemwang སོགས་ཕེབས་ནས་དགུ་རོང་མི་མང་ལ་འཚམས་འདྲི་བྱས་ཐོག་མི་རིགས་སྣ་མང་མཉམ་དུ་ཡོད་པའི་བལ་ཡུལ་གྱི་སྤྱི་འབངས་ཚང་མས་རྒྱལ་ཁབ་ཀྱི་ཞི་བདེ་བརྟན་ལྷིང་དང་། རྩ་ཁྲིམས་གསར་བཟོ་ལེགས་འགྲུབ་སོགས་ཀྱི་ཐད་ཁུར་མཉམ་ལེན་བྱེད་དགོས་པ་གལ་ཆེན་ཡིན་སྐོར་གསུངས་སོང་།
སྤྱིར་བཏང་བལ་ཡུལ་རྒྱལ་ནང་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་མི་རིགས་ཚོའི་དུས་ཆེན་བྱེད་སྒོ་ཁག་ལ་དེ་ཙམ་རྒྱ་ཆེན་དང་མངོན་གསལ་མེད་ཀྱང་། ཉེ་བའི་ལོ་ཤས་སྔོན་བལ་ཡུལ་རྒྱལ་ཁབ་ལ་མི་མང་སྤྱི་མཐུན་གྱི་མང་གཙོའི་སྲིད་གཞུང་བྱུང་བ་ནས་བལ་ཡུལ་རྒྱལ་ནང་དུ་མི་རིགས་གང་གི་མི་གྲངས་མང་ཉུང་ལ་མ་ལྟོས་པར་མི་རིགས་དང་ཆོས་ལུགས་སོགས་རིས་མེད་གྱི་སྲིད་གཞུང་ལ་ཁྱབ་བསྒྲགས་བྱས་བ་དང། དེ་ནས་དགུ་རོང་མི་རིགས་ཚོས་ལོ་ལྟར་སྲུང་བརྩི་བྱེད་བཞིན་བའི་རྟ་མོའུ་ལོ་སར་དེ་ཡང་ལོ་སྔོན་མ་ནས་གཞུང་འབྲེལ་གུང་སེང་ལ་ཁྱབ་བསྒྲགས་བྱས་ཡོད།
ལོ་སར་དུས་ཆེན་དེའི་ཐད་བལ་ཡུལ་རྒྱལ་ནང་དུ་གནས་སྡོད་བཀྲ་ཤིས་ལ་བཅར་འདྲི་བྱེད་སྐབས་དེ་ནི་བོད་ནང་བོད་མི་ཚོས་སྲུང་བརྩི་བྱེད་སྲོལ་ཡོད་པའི་བསོད་ནམས་ལོ་སར་ཞེས་བ་དེ་དང་གཅིག་མཚུངས་ཡིན་པ་དང་། བལ་ཡུལ་རྒྱལ་ནང་གི་དགུ་རོང་མི་རིགས་ཞེས་བ་ནི་བོད་རྒྱལ་སྲོང་བཙན་པོའི་སྐབས་མཐའ་མཚམས་སྒོ་སྲུང་ལ་བཏང་བ་ལས་རྒྱ་ཁྱབ་ལ་སོང་བའི་མི་རྒྱུད་དེར་སྒོ་སྲུང་མི་རིགས་ལ་གྲགས་པ་སྒྲ་འགྱུར་བ་ཡིན་པ་དང་ད་ཆ་མི་རིགས་དེ་བལ་ཡུལ་རྒྱལ་ཡོངས་སྤྱིའི་མི་གྲངས་ཁྲོད་བརྒྱ་ཆ་གཉིས་མ་ཟིན་ཙམ་ཡོད་པ་ཡིན་འདུག།
འདི་གའི་གསར་འགོད་པས་ས་གནས་ནས།