ལོ་རེར་དགེ་རྒན་༤༠ ནས་༥༠ བར་ཐོན་རྒྱུའི་འབད་བརྩོན།
བོད་ཀྱི་གྲོས་ཚོགས་དང་སྲིད་ཇུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་ཉིན་གྲངས་འགའི་སྔོན་ནས་འགོ་འཛུགས་ཀྱིས། རྒྱ་བལ་གཉིས་ནང་ཡོད་པའི་བོད་པའི་སློབ་གྲྭ་ཁག་༡༨ ཙམ་གྱི་འཛིན་རིམ་བཅུ་གཅིག་གི་སློབ་མ་ཚོར་དྷ་སར་ཟབ་སྦྱོང་སྤྲོད་བཞིན་ཡོད་པ་དང། ཕྱི་ལོ་༢༠༡༠ ལོའི་ཟླ་༡༢ ཚེས་༣༡ ཉིན་གྱི་སྔ་དྲོར་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་གདན་འདྲེན་ཞུས་ནས། སློབ་མ་རྣམས་ལ་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད། ཁོང་གིས་གསུང་དོན། འཛིན་གྲྭའི་ནང་ཡོད་པ་ཙམ་གྱིས་སློབ་གཉེར་བ་ཆགས་ཀྱི་མེད་པ་དང། སློབ་གཉེར་བ་ཞེས་བརྗོད་དུས་སློབ་སྦྱོང་དོན་དུ་གཉེར་བ་ཞིག་ལ་གོ་དགོས་ཀྱི་ཡོད་ཚུལ་དང། བོད་པའི་མི་རབས་གཞོན་པ་ཚོར་མ་འོངས་བོད་ཀྱི་སོན་རྩ་ཞེས་འབོད་ཀྱི་ཡོད་ཀྱང། སོན་རྩ་གཙང་མ་ཞིག་མིན་པར་བཟོ་བཅོས་བཏང་པའི་སོན་རྩ་ཞིག་ཡིན་ན། དེ་ལ་འཚམས་པའི་འབྲས་བུ་ཞིག་འབྱུང་ངེས་ཡིན་པ་ལས། འབྲས་བུ་གཙང་མ་ཞིག་སྐྱེ་རྒྱུ་ནི་དཀའ་ལས་ཁག་པོ་ཡིན་ཞིང། མ་འོངས་བོད་ཀྱི་སོན་རྩ་ཡག་པོ་ཆགས་དང་མི་ཆགས་དེ། སློབ་གཉེར་བ་རང་ཉིད་ཀྱི་ལག་ཏུ་ཡོད་པ་རེད་ཅེས་སོགས་བཀའ་སློབ་གནང་རྗེས། སློབ་མ་ཚོར་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་གནང་སོང།
དྲི་བ། བོད་ནང་སྐད་ཡིག་རང་དབང་དགོས་པའི་ཞི་རྒོལ་མང་པོ་བྱེད་ཀྱི་ཡོད་པས། བཙན་བྱོལ་གཞུང་གི་ངོས་ནས་དེའི་ཐད་ལས་དོན་གྱི་འཆར་གཞི་ག་རེ་ཡོད་དམ།
ལན། བཙན་བྱོལ་གཞུང་གི་ངོས་ནས་དེའི་ཐོག་ལ་ནུས་པ་ཐོན་པའི་ལས་ཀ་ཞིག་བྱེད་ཐུབ་རྒྱུ་གང་ཡང་ཡོད་མ་རེད། འབྲེལ་མོལ་རིམ་པའི་སྐབས་ལ་བོད་ཀྱི་སྐད་ཡིག་སྐོར་གཙོ་འདོན་བྱས་ནས་གྲོས་མོལ་གྱི་ནང་ལ་བཞག་ཡོད་པ་རེད། མ་འོངས་པར་འབྲེལ་མོལ་མུ་མཐུད་ནས་བྱུང་བའི་སྐབས་ལའང། དེའི་སྐོར་དམིགས་སུ་བཀར་ནས་སྐད་ཆ་ཤོད་རྒྱུའི་བརྗོད་གཞི་ཡོད་པ་རེད། རྒྱལ་སྤྱིའི་མཐུན་འགྱུར་འཚོལ་རྒྱུ་དེ་བཙན་བྱོལ་གཞུང་གིས་བྱེད་ཐུབ་པ་ཞིག་ཡིན་པ་དང། དེའི་ཐོག་ལ་དགོས་ངེས་ཀྱི་ལས་དོན་ཚང་མ་བྱས་ཟིན་པ་དང་བྱེད་བཞིན་པ་རེད། གང་ལྟར་བོད་ནང་གི་བོད་མི་ཚོས་ད་ལྟ་ནང་བཞིན་མུ་མཐུད་ནས་འབད་བརྩོན་གནང་བ་ཡིན་ན། ཏན་ཏན་སྐད་ཡིག་སྲུང་སྐྱོབ་བྱེད་ཐུབ་རྒྱུའི་རེ་བ་ཡོད་རེད་བསམ་གྱི་འདུག སྤྱིར་བོད་ནང་རྒྱ་མིའི་བཙན་གནོན་འོག་ནས་བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་ཡི་ཡོད་རེད། བཙན་བྱོལ་ནང་རང་རང་གི་འདོད་པའི་ཐོག་ནས་བོད་ཀྱི་སྐད་ཡིག་ཉམས་ཆག་འགྲོ་ཡི་ཡོད་པས་ཉམས་ཆག་འགྲོ་བ་གཅིག་པ་རེད། གཅིག་བྱས་ན་བོད་ནང་ལས་སྡུག་པ་བཙན་བྱོལ་ནང་ཉམས་ཆག་ཆེ་བ་སོང་ཡོད་པ་རེད། ཉམས་ཆག་དེ་སུ་དང་གང་གིས་བཙན་དབང་བཏང་ནས་སོང་བ་མ་རེད་དེ། སོ་སོའི་དགོས་པ་རྒྱུ་མཚན་ལ་བརྟེན་ནས་རང་འདོད་ཀྱི་ཐོག་ནས་ཉམས་ཆག་བཏང་བ་ཞིག་ཡིན་པས། བཙན་བྱོལ་ལ་ཡོད་པའི་བོད་མི་ཚོས་རྒྱ་མིས་བོད་ཀྱི་སྐད་ཡིག་ཉམས་ཆག་གཏོང་རྒྱུའི་སྲིད་ཇུས་དེ་ལ་ངོ་རྒོལ་བྱས་པ་ཡིན་ནའང། ངོ་རྒོལ་བྱེད་རྒྱུའི་བཟང་སྤྱོད་ཀྱི་ཐོབ་ཐང་ཡོད་མ་རེད་བསམ་གྱི་ཡོད། ང་ཚོའི་རང་གི་བྱེད་སྟངས་དེ་སྐད་ཡིག་ཉམས་ཆག་གི་བྱེད་སྟངས་ཤིག་གི་ཐོག་ལ་སོང་བ་རེད།
ངས་འདི་དང་འབྲེལ་ནས་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཞུས་པ་ཡིན་ན། ལོ་ཁ་ཤས་ཀྱི་སྔོན་ལ་མཚོ་སྔོན་གྱི་སློབ་གྲྭ་མང་པོའི་ནང་ལ། སློབ་གྲྭའི་སྐད་ཡིག་འཛིན་རིམ་མཐའ་མའི་བར་དུ་བོད་ཀྱི་སྐད་ཡིག་ཐོག་ནས་བསླབ་རྒྱུ་དང། དེ་ཚོའི་ཐོག་ལ་སློབ་དེབ་བཟོ་རྒྱུའི་ལས་གཞི་རྒྱ་ཆེན་པོ་གནང་འདུག མཚོ་སྔོན་ནང་སྐད་ཡིག་གི་ཕྱག་ལས་གནང་མཁན་དེ་ཚོས། བོད་རང་སྐྱོང་ལྗོངས་ཀྱི་ཤེས་ཡོན་གྱི་འགོ་འཁྲིད་ཚོ་ལ། ང་ཚོས་ལས་གཞི་འདི་ལྟར་སྒྲིག་གི་ཡོད། ཁྱེད་རང་ཚོས་ག་རེ་བྱས་ནས་འཛིན་གྲྭ་ལྔ་པའི་རྗེས་ནས་བོད་ཀྱི་སྐད་ཡིག་དེ་ཤེས་ཡོན་གྱི་སློབ་སྟོན་ཁོངས་སུ་འཇོག་མེད་ཅེས་དྲིས་པའི་སྐབས། བོད་རང་སྐྱོང་ལྗོངས་ཀྱི་ཤེས་ཡོན་གྱི་འགོ་ཁྲིད་ཚོས། བཙན་བྱོལ་ནང་གི་སྤྱི་ཚོགས་ནང་འཛིན་གྲྭ་ལྔ་པའི་རྗེས་ལ་བོད་སྐད་ཀྱི་ཐོག་བསླབ་ཀྱི་ཡོད་མ་རེད་ཅེས་བརྗོད་ནས། བཙན་བྱོལ་སྤྱི་ཚོགས་དེ་ཁོ་ཚོའི་དཔེ་བགྲང་ས་ཆགས་ཀྱི་འདུག་ཅེས། མཚོ་སྔོན་ནས་ཕེབས་པའི་མཁས་དབང་ཚོས་དེ་ལྟར་གསུང་གི་འདུག དེས་ན་རྒྱ་མིས་ཅིག་བྱེད་ཀྱི་འདུག་ཟེར་ནས་ལབ་རྒྱུ་སྟབས་བདེ་པོ་རེད། ང་ཚོས་ག་རེ་བྱེད་ཀྱི་ཡོད་མེད་དགོངས་པ་བཞེས་དགོས་རྒྱུ་དེ་གལ་ཆེན་པོ་རེད།
དྲི་བ། བོད་ནང་སློབ་ཕྲུག་ཚོར་བོད་སྐད་ཐོག་བསླབ་དགོས་པའི་དཀའ་ལས་རྒྱག་གི་ཡོད་རེད། བཙན་བྱོལ་ནང་ཤེས་ཡོན་སྲིད་ཇུས་གསར་པ་དེ་སློབ་གྲྭ་ཚང་མའི་ནང་ལག་བསྟར་ཆ་ཚང་མི་ཐུབ་པའི་རྒྱུ་རྐྱེན་གང་ཡིན་ནམ།
ལན། ཤེས་ཡོན་སྲིད་ཇུས་ཤེས་རིག་ལས་ཁུངས་ཀྱིས་ཐད་ཀར་འཛིན་སྐྱོང་བྱེད་བཞིན་པའི་སློབ་གྲྭ་ཚང་མའི་ནང་ལག་བསྟར་བྱེད་ཀྱི་ཡོད་རེད། དེ་ནས་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་ནང་ཡོད་པའི་སློབ་གྲྭ་དེ་དག་རྒྱ་གར་གཞུང་གི་ཐད་ཀའི་ཐད་བྱུས་འོག་ནས་ཡོད་པས། རྒྱ་གར་གྱི་སྲིད་ཇུས་དང་མ་བསྟུན་ཐབས་མེད་རེད། རང་སྐྱོང་སྡེ་ཚན་ཁག་གི་ནང་ལ་ད་ལྟ་ལག་ལེན་བསྟར་རྒྱུ་ལུས་བསྡད་པ་མང་པོ་ཡོད་པ་རེད། དེ་ཚོས་གསུང་སྟངས་བྱས་ན་ཕ་མ་ཚོས་འདོད་པ་བྱེད་ཀྱི་མི་འདུག་ཅེས་པའི་བཀའ་མོལ་ཞིག་ཡོད་པ་རེད་ལ། ཕ་མ་ཚོས་འདོད་པ་བྱེད་དང་མི་བྱེད་དེ་ཤེས་ཡོན་སྡེ་ཚན་ཁག་གིས་ཕ་མ་ཚོར་སློབ་གསོ་སྤྲོད་སྟངས་ལ་རག་ལས་ཀྱི་རེད་བསམ་གྱི་འདུག ཡིན་ནའང་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས་དངོས་སུ་ཉམས་མྱོང་ཡོང་བ་དེ། ཤེས་ཡོན་སྲིད་ཇུས་གསར་པ་ལག་ལེན་བསྟར་བ་ལ་མདུན་དུ་འཕྲད་པའི་དཀའ་ངལ་ཆེ་ཤོས་དེ། ཤེས་ཡོན་སྲིད་ཇུས་ལག་ལེན་ལ་བསྟར་ཐུབ་མཁན་སློབ་གྲྭའི་འཛིན་སྐྱོང་བྱེད་མཁན་དང་། དགེ་རྒན་དེ་འདང་གི་ཡོད་མ་རེད། ཤེས་ཡོན་སྲིད་ཇུས་དང་མཐུན་པའི་སློབ་སྦྱོང་སྤྲོད་མཁན་གྱི་དགེ་རྒན་འདང་ངེས་ཤེས་པ་ཞིག་མེད་པ་ཡིན་ན། ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་ཅེས་བརྗོད་པ་ཡིན་ནའང། དེ་མིང་ཙམ་མ་གཏོགས་དོན་ལ་སྨིན་པ་ཞིག་ཡོང་གི་མེད་པ་རེད། ཤེས་རིག་ལས་ཁུངས་ཀྱིས་ག་དུས་ཡིན་ནའང་རྩལ་དུ་བཏོན་ནས། དགེ་རྒན་འོས་སྦྱོང་མང་པོ་སྤྲོད་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་རེད། ད་ལྟའི་དགེ་རྒན་འོས་སྦྱོང་གི་མཐོ་སློབ་གསར་པ་ཞིག་ཟུར་དུ་བཙུགས་ནས། དེའི་ནང་ཉུང་མཐའ་ཡང་ལོ་རེ་རེའི་ནང་དགེ་རྒན་བཞི་བཅུ་ནས་ལྔ་བཅུའི་བར་ཐོན་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད། དེ་ཚོ་ལག་ལེན་ལ་འཁྱོལ་བ་ཡིན་ན་སྲིད་ཇུས་ལག་ལེན་བསྟར་མཁན་གྱི་དགེ་རྒན་འདང་ངེས་ཤེས་པ་ཞིག་བྱུང་བ་ཡིན་ན། དཀའ་ངལ་གཞན་པ་དེ་ཚོ་ལས་སླ་པོའི་ཐོག་ནས་སེལ་ཐུབ་ཀྱི་རེད་དྲན་གྱི་ཡོད།
དྲི་བ། ཡིག་ཚད་ལ་བརྟེན་ནས་སློབ་སྦྱོང་གི་ཆུ་ཚད་ཡར་རྒྱས་སོང་ཡོད་པ་ཤེས་ཀྱི་མི་འདུག་པས། ཆུ་ཚད་ཡར་རྒྱས་སོང་ཡོད་མེད་དབྱེར་ཞིབ་ཇི་ལྟར་བྱེད་དགོས་ཀྱི་རེད་དམ།
ལན། ནང་བསམ་བློའི་སློབ་སྦྱོང་གི་ཆུ་ཚད་དེ་དེང་སྐབས་ཚ་བ་བལྟས་པ་ལྟར་ཨང་གྲངས་ཀྱི་ཐོག་ནས་ཚད་འཇལ་ཐུབ་ཀྱི་མ་རེད་ལ། དེང་རབས་ཀྱི་རྒྱུགས་སྤྲོད་ལམ་སྲོལ་ནས་སློབ་སྦྱོང་གི་ཚད་འཇལ་ཐུབ་ཀྱི་མ་རེད། སྔོན་མ་ང་ཤེས་ཡོན་གྱི་སྒྲོམ་གཞིའི་ནང་ཡོད་པའི་སྐབས། ངས་སློབ་ཕྲུག་ཚོས་ག་རེ་ཤེས་ཀྱི་མི་འདུག་ལྟ་ཡི་ཡོད་རེད་མ་གཏོགས། ག་རེ་ཤེས་ཀྱི་འདུག་ལྟ་ཡི་ཡོད་མ་རེད་ཅེས་བརྗོད་ཀྱི་ཡོད། ཡིག་ཚད་ཀྱི་དྲིས་ལན་ཕྱོགས་ནས་ཤེས་ཚད་ག་འདྲ་ཡིན་མིན་ཚད་འཇལ་ཐུབ་ཁག་པོ་རེད། སློབ་དེབ་ནས་ཚུར་བློ་ལ་བཟུང་ནས་དོན་དག་མ་ཤེས་ནའང་ལན་ཐེབས་དུས། མ་ཤེས་ནའང་ཤེས་པ་ཆ་འཛིན་བྱེད་ཀྱི་ཡོད་པ་རེད། ད་དུང་རོགས་པ་ནས་ཚུར་དཔེ་བཤུས་བྱས་པའང་ཡོང་གི་རེད། དེ་བཞིན་དྲི་བ་ཐུང་ཐུང་ལ་འགྲིག་རྟགས་ནོར་རྟགས་བརྒྱབ་ནས་ལམ་འགྲོ་རྒྱུག་པའང་ཡོང་གི་ཡོད་པས། ཡིག་ཚད་ཀྱིས་སློབ་སྦྱོང་གི་ཆུ་ཚད་འཇལ་མི་ཐུབ་པ་དེ་དངོས་གནས་རེད། སློབ་སྦྱོང་གི་ཆུ་ཚད་དེ་སློབ་སྦྱོང་ག་ཚོད་བྱེད་ཐུབ་ཀྱི་འདུག བྱེད་པའི་ནུས་པ་ག་ཚོད་འདུག་བལྟས་ནས་དེའི་ཐོག་ནས་ཚད་འཇལ་དགོས་ཀྱི་ཡོད་པ་དང། མཇུག་སྡོམ་རྒྱག་པར་བྲེལ་བ་མི་བྱེད་པར་དྲི་བ་དང་མཉམ་དུ་གནས་ཐུབ་པ་ཡིན་ན། ཤེས་རབ་ཀྱི་སྒོ་ཕྱེ་ཡོང་གི་ཡོད་པ་དང། དོན་གཅིག་ལ་མགྱོགས་པོར་ཆ་འཇོག་མི་བྱེད་པ་དང་ཁས་ལེན་མི་བྱེད་པར། ཕྱོགས་ཡོང་ནས་བརྟག་དཔྱད་བྱས་པའི་ནུས་པས་ངེས་ཤེས་གང་འཚམས་རྙེད་ན་སློབ་སྦྱོང་གི་ཆུ་ཚད་ཡར་རྒྱས་སོང་བའི་རྟགས་རེད།
དྲི་བ། རྒྱ་ནག་སོགས་ནས་ཕྱི་ནང་གཉིས་ཀའི་སྐད་ཡིག་ཤེས་མཁན་ཆེད་ལས་པ་མང་པོ་ཐོན་གྱི་འདུག ང་ཚོའི་སྤྱི་ཚོགས་ནང་འདས་པའི་ལོ་༥༠ རིང་ཆེད་ལས་པ་ཐོན་གྱི་མེད་པའི་རྒྱུ་མཚན་གང་རེད།
ལན། འདས་པའི་ལོ་༥༠ ནས་བཙན་བྱོལ་སྤྱི་ཚོགས་ནང་དུ་སློབ་སྦྱོང་བྱེད་མཁན་གྱི་གྲངས་ཀར་བལྟས་པ་ཡིན་ན་༤༠༠༠༠ ལྷག་ཙམ་གྱིས་གཞི་རིམ་དང་མཐོ་རིམ་གྱི་སློབ་སྦྱོང་ཐོན་ཡོད་པ་རེད། དེའི་ནང་ནས་ཆེད་ལས་པ་མི་ཉུང་བ་ཞིག་ཐོན་ཡོད་རེད་དྲན་གྱི་ཡོད། རྒྱ་ནག་ནང་ཆེད་ལས་པ་ཐོན་སྟངས་དང་བཙན་བྱོལ་ནང་ཆེད་ལས་པ་ཐོན་སྟངས་གཉིས་མཚུངས་བསྡུར་བྱས་པ་ཡིན་ན་ཏག་ཏག་སྡོད་ཀྱི་མ་རེད། རྒྱ་ནག་ནང་མི་ས་ཡ་མང་པོས་སློབ་སྦྱོང་བྱེད་ཀྱི་ཡོད་པས། དེའི་ཚོད་ཀྱིས་ཆེད་ལས་པ་དང་མཁས་པ་ཐོན་གྱི་ཡོད་རེད། ང་ཚོ་མི་ཉུང་ཉུང་གིས་སློབ་སྦྱོང་བྱས་པ་བཞིན་དེའི་ཚོད་ཀྱིས་ཆེད་ལས་པ་ཐོན་གྱི་ཡོད་རེད། ཡིན་ནའང་ང་ཚོའི་སློབ་སྦྱོང་གི་ལམ་སྲོལ་དེ་འདོད་པ་ཚིམས་པ་ཞིག་དང་ཏག་ཏག་འགྲིག་པ་ཞིག་རེད་ཅེས་ཤོད་ཀྱི་མེད། ང་ཚོའི་སློབ་སྦྱོང་ནང་ཞན་ཆ་ཡོད་པ་དེ་མང་ཆེ་བ་སྒྲིག་འཛུགས་དང་དགེ་རྒན་གྱིས་མ་འདང་བའི་གནས་སྟངས་ཤིག་བྱུང་ཡོད་པ་རེད་བསམ་གྱི་ཡོད། སྒྲིག་འཛུགས་དང་དགེ་རྒན་གྱིས་མ་འདང་བ་རེད་ཅེས་བརྗོད་དུས། སྒྲིག་འཛུགས་དང་དགེ་རྒན་ནམ་མཁའ་ནས་མར་འབབ་ཡོང་བ་ཞིག་ཡོད་མ་རེད། དེ་ཁྱེད་རང་ཚོའི་ནང་ནས་ཐོན་དགོས་ཀྱི་ཡོད་རེད། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་ཤེས་ཡོན་གྱི་གནས་ཚད་ཡག་པོ་མ་བྱུང་བའི་དབང་གིས་དགེ་རྒན་ཡག་པོ་མང་པོ་ཐོན་གྱི་ཡོད་མ་རེད། དགེ་རྒན་ཡག་པོ་མ་ཐོན་པའི་དབང་གིས་འབྱུང་འགྱུར་གྱི་སློབ་ཕྲུག་ནང་ནས་མདུན་བསྐྱོད་ཡོང་གི་མ་རེད། མདོར་བསྡུས་ན་ང་ཚོའི་གནད་འགག་དེ། དགེ་རྒན་གྱིས་དགེ་ཕྲུག་གི་ལུས་ངག་ཡིད་གསུམ་ལ་མཐུན་རྐྱེན་བཟོ་ཐུབ་མཁན་ཞིག་མ་བྱུང་བའི་དབང་གིས་ཆགས་པ་རེད།།
{jcomments on}