འཆི་མེད་བཀྲ་ཤིས་ལ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཆད།
ད་ལྟ་ལོ་ན་༢༩ སོན་པའི་འཆི་མེད་བཀྲ་ཤིས་ནི། ཕྱི་ལོ་༢༠༠༥ ལོའི་ཟླ་བ་བརྒྱད་པར་ཁོང་དང་ཕ་ཡུལ་གཅིག་པའི་མི་༣༠ མ་ཟིན་ཙམ་དང་། དེ་བཞིན་ས་གནས་གཞན་ཁག་བཅས་ནས་བསྡོམས་མི་གྲངས་༥༡ ཤར་ཁུམ་བུའི་ཉེ་འདབས་ནས་རྒྱ་དམག་གིས་འཛིན་བཟུང་བྱས་ནས་དིང་རི་བཙོན་ཁང་དང་གཞིས་ཀ་རྩེ་བཙོན་ཁང་བཅས་སུ་ཟླ་བཞིའི་རིང་ལས་ཀར་བཀོལ་སྤྱོད་གང་ཐུབ་བྱས་རྗེས། ཕ་ཡུལ་ཁམས་འབྲི་རུ་རྫོང་སྤྱི་བདེ་ལས་ཁུངས་སུ་རྩིས་སྤྲོད་བྱས་པ་རེད།
དེ་ནས་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་མི་རེེའི་ལག་ནས་རྒྱ་སྒོར་༤༠༠༠ རེ་ཕྲོགས་ནས། ལོ་ལྔའི་ནང་ཚུན་དུ་གནས་ཚུལ་གང་ཡང་མ་ལྷག་ཚེ་དངུལ་དེ་དག་ཕྱིར་སློག་གི་ཡིན་ཚུལ་བཤད་ནས་གློད་གྲོལ་བཏང་བ་རེད། ཕྱི་ལོ་༢༠༠༨ལོའི་ཟླ་བ་བཅུ་པར་ཐེངས་གཉིས་པ་བྲོས་བྱོལ་དུ་ཡོང་ནས་༸གོང་ས་མཆོག་མཇལ་རྗེས། རྡོ་རྗེ་གདན་དུ་འབུམ་ཕྱག་བསྐྱལ་བ་དང་། ཝ་ཎ་རུ་༧གོང་ས་མཆོག་གི་བཀའ་ཆོས་ཞུས་ནས་ཕྱིར་བོད་དུ་ལོག ཕྱི་ལོ་༢༠༡༠ ལོའི་ཟླ་༡༠ ཚེས་༣ ཉིན་གློ་བུར་དུ་འཛིན་བཟུང་བྱས་ཤིང་། ད་ལྟ་མི་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་ནས་ལྷ་ས་སྟོད་ལུང་ཁུལ་གྱི་བཙོན་ཁང་ཞིག་ཏུ་དཀའ་སྡུག་མྱོང་བཞིན་ཡོད་པ་རེད།།
གནས་ཚུལ་མཁོ་སྤྲོད་པ་ནགས་ཤོད་ཡེ་ཤེས་བསྟན་འཛིན།
{jcomments on}