བོད་སོག་གཉིས་ཀྱི་ཆིངས་ཡིག་བསྐྱར་གླེང།
ཚོགས་ཐོག་ལོ་རྒྱུས་སྨྲ་བ་པོ་བོད་པ་དང། ཕྱི་རྒྱལ་སོགས་ཀྱིས་གཏམ་བཤད་གནང་བ་དང་། ཚོགས་ཞུགས་པ་བོད་གཞུང་གི་དྲུང་གཞོན་ཡན་གྱི་གཞུང་ཞབས་རྣམས་དང་། བཀའ་བློན་དང་སྤྱི་འཐུས། ཚོགས་པ་ཁག་གི་སྐུ་ཚབ་སོགས་མཉམ་ཞུགས་བྱས་ཡོད་པ་རེད།
ཐེངས་འདིའི་མཁས་པའི་བགྲོ་གླེང་མཇུག་བསྡོམས་ཐོག་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བགྲོ་གླེང་དེ་འཚོགས་དགོས་པའི་བརྒྱུད་རིམ་སྐོར་གསུང་དོན། “སོག་པོའི་ངོས་ནས་སྔོན་མ་ཆིངས་ཡིག་འདི་དྲིལ་བསྒྲགས་ཞེ་དྲག་བྱེད་ཀྱི་ཡོད་པ་མ་རེད། འདས་པའི་ལོ་ཁ་ཤས་ནས་ཁོང་ཚོས་ཆབ་སྲིད་ཀྱི་ལངས་ཕྱོགས་ཤིག་གི་ཐོག་ནས་དྲིལ་བསྒྲགས་བྱེད་རྒྱུ་ཐག་གཅོད་བྱུང་བ་དང་། དེའི་ནང་དོན་ཡང་བཙན་བྱོལ་སྒྲིག་འཛུགས་དང་གྲོས་བསྡུར་བྱས་ནས་ཐག་གཅོད་བྱས་པ་ཞིག་རེད། རྗེས་སུ་དེ་དྲིལ་བསྒྲགས་བྱེད་རྒྱུ་ལ་ང་ཚོ་ལས་ཁོང་ཚོར་སེམས་ཤུགས་ཆེ་བ་འདུག ང་སྒེར་ལ་མཚོན་ན་ཆིངས་ཡིག་འདི་གསལ་པོ་བཟོ་བ་དང་དྲིལ་བསྒྲགས་བྱེད་རྒྱུའི་སེམས་ཤུགས་དེ་ཙམ་མེད། གང་ཡིན་ཞེ་ན། ཆིངས་ཡིག་འདིའི་བརྗོད་བྱ་ཡོངས་རྫོགས་ནང་ད་ལྟའི་བཙན་བྱོལ་གཞུང་གི་གཞུང་འབྲེལ་གྱི་ལངས་ཕྱོགས་དང་མ་མཐུན་ཁ་ཤས་ཡོད་པ་རེད། དེར་བརྟེན་ང་ཚོས་ཆེད་དུ་འདི་ཆེན་པོ་བཟོས་བསྡད་ན། སོ་སོའི་ལངས་ཕྱོགས་དང་མི་མཐུན་པའི་བརྗོད་ཚིག་ཡོད་པ་དེ་ཚོ་ཡང་ཁས་ལེན་བྱེད་མཁན་ལྟ་བུ་ཆགས་འགྲོ་ཡི་འདུག་བསམ་གྱི་འདུག ཆིངས་ཡིག་འགོ་བཙུགས་དུས་ནས་སོག་པོ་དང་བོད་པ་གཉིས་ཀ་མན་ཇུས་ཀྱི་མངའ་འོག་ནས་རང་བཙན་མཉམ་པོར་ཐོབ་པ་དང་། དེའི་རྒྱུ་མཚན་གྱིས་ང་ཚོས་ཆིངས་ཡིག་འཇོག་གི་ཡིན་ཞེས་བརྗོད་ཚིག་འཁོད་ཡོད་པ་རེད། སོག་པོ་མན་ཇུས་ཀྱི་མངའ་འོག་ཏུ་ཡོད་པ་རྒྱལ་སྤྱིའི་ནང་སྨྲོས་མེད་ལྟ་བུ་རེད། བོད་པ་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཀྱི་མངའ་དབང་བསྐྱར་གསོ་བྱས་ནས་༡༩༥༡ ལོའི་བར་རྒྱལ་སྤྱིའི་ཁྲིམས་མཐུན་གྱིས་མན་ཇུས་འོག་ཏུ་ཕྱིན་མེད་ཟེར་གྱི་ཡོད་པ་རེད། ང་ཚོས་བྱེད་སྟངས་དེ་མན་ཇུས་འོག་ལ་མེད་པའི་བཟོ་འདྲ། ཡོད་པའི་བཟོ་འདྲ་བྱས་བསྡད་པ་མ་གཏོགས།
རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་ཞིབ་ཚགས་པོ་བལྟས་ན་མན་ཇུས་འོག་ཏུ་ང་ཚོར་མངའ་ཐང་ཆ་ཚང་མེད་པ་བྱས་ནས་ཕྱིན་པ་ལ་ད་ལྟ་ང་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་མ་རེད། ད་ལྟ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་མཉམ་དུ་སྐད་ཆ་བཤད་སྐབས་ཀྱང་ཕྱོགས་གཉིས་ནས་གུ་བཤངས་བྱེད་མི་ཐུབ་པའི་འགལ་ཟླ་གཙོ་བོ་གཅིག་བྱུང་རབ་ཀྱི་གནས་སྟངས་དེའི་ཐོག་ཡོད་པ་རེད་”ཅེས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ཀྱི་བོད་ཀྱི་གནས་བབ་དང། དེ་རྗེས་༡༩༤༧ ལོར་ལྡི་ལིར་ཨེ་ཤ་ཡའི་འབྲེལ་མཐུད་ཚོགས་ཆེན་ཐོག་རྒྱ་གར་གྱིས་བོད་དང་རྒྱ་ནག་གཉིས་ཀྱི་སྐུ་ཚབ་སོ་སོ་མགྲོན་འབོད་བྱས་པ་དང། བོད་ཀྱི་རྒྱལ་དར་འཕྱར་བ་དང་རྒྱལ་གླུ་གཏོང་ས་སོགས་བྱས་ཡོད་སྐོར་ངོ་སྤྲོད་གནང་སོང་།
ཁོང་གིས་མུ་མཐུད་ཆིངས་ཡིག་སྐོར་ལ་ཞིབ་འཇུག་དགོས་སྐོར་གསུང་དོན། “སོག་པོས་ཉེ་ཆར་ནས་བོད་སོག་གི་ཆིངས་ཡིག་དེ་རྒྱལ་སྤྱིའི་ནང་མངོན་གསལ་དོད་པོ་བཟོ་རྒྱུའི་ཐབས་ཤེས་བྱས་པ་དེ་བཀའ་ཤག་གི་ངོས་ནས་དགའ་བསུ་ཞུ་རྒྱུ་དང་རྒྱབ་སྐྱོར་མཐུན་རྐྱེན་མ་བྱས་ཐབས་མེད་དུ་མཐོང་ནས་ཐག་ཆོད་བྱས་པ་རེད། མ་འོངས་པ་ཡང་ལས་རིམ་འདི་དང་འབྲེལ་བའི་མཁས་པའི་བགྲོ་གླེང་ཚོགས་འདུའི་མཚོན་པས་ག་རེ་ཡིན་ནའང་བྱེད་རྒྱུའི་འདུན་པ་དང་འཆར་གཞི་ཡོད། དེ་དང་མཉམ་དུ་སྐབས་དེར་བོད་པའི་གནས་སྟངས་སོག་པོས་མ་རྟོགས་པ་དང་། ང་ཚོས་གསལ་པོ་བཟོ་མ་ཐུབ་པའི་རིགས་ལ་ད་དུང་གསལ་པོ་བཟོ་རྒྱུར་དགོས་པ་རྒྱུ་མཚན་ཡོད་པ་རེད། དེའི་ཐོག་ད་ཐེངས་སྡིངས་ཆའི་ཐོག་ཏུ་བཞུགས་པའི་མཁས་དབང་རྣམ་པས་མཚོན་བྱུང་རབ་སྨྲ་བ་དང་། ཆབ་སྲིད་ཚན་རིགས་ཐོག་སློབ་སྦྱོང་གནང་པའི་མཁས་དབང་ཚོས་ཞིབ་འཇུག་གནང་སྟེ་གསལ་པོ་བཟོ་རྒྱུ་གལ་ཆེན་པ་རེད་”ཅེས་ཆིངས་ཡིག་དེ་འཇོག་སྐབས་བོད་སོག་གཉིས་ཀར་སོ་སོར་ཆིངས་ཡིག་འཇོག་རྒྱུའི་ནུས་པ་ཡོད་པ་མ་ཟད། རྒྱལ་སྤྱིའི་ཐོག་ཏུ་རང་བཙན་གྱི་རྒྱལ་ཁབ་གཉིས་ཡིན་པ་ཆིངས་ཡིག་དེས་གསལ་པོ་བཟོ་ཐུབ་ཀྱི་ཡོད་སྐོར་གསུངས་སོང་།
ཁོང་གིས་མཇུག་ཏུ་ཆིངས་ཡིག་དེའི་རིགས་ལ་ཞིབ་འཇུག་དགོས་པ་དང་། བོད་སོག་གཉིས་ཀྱི་ཆིངས་ཡིག་གསལ་པོ་བསྟན་པ་དེས་བོད་སོག་གཉིས་ཀར་ཁེ་ཕན་ཡོད་པ་དང་། བོད་གཞུང་གི་ངོས་ནས་མཐུན་རྐྱེན་རོགས་རམ་བྱེད་རྒྱུ་ཡིན་སྐོར་དང་། དབྱིན་ཡུལ་དང་རྒྱ་གར་ལ་བོད་དང་འབྲེལ་བ་ག་རེ་ཡོད་མེད་དང་དེའི་སྐབས་ང་ཚོའི་གྱོང་ག་རེ་རག་ཡོད་དང་ཁེ་ཕན་གང་རག་ཡོད་མེད་སྐོར་ལ་ཞིབ་འཇུག་དགོས་པ་གལ་ཆེན་ཡིན་སྐོར་གསུངས་སོང་།
བགྲོ་གླེང་མཇུག་བསྡོམས་ལས་ཚོགས་འདུ་དངོས་གཞིའི་ཐོག་གསར་འགོད་པ་བཏང་མེད་པ་དང་། བགྲོ་གླེང་དེའི་ཐོག་གཏམ་བཤད་གནང་མཁན་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་སུ་ཚོགས་འདུ་དེའི་བརྒྱུད་རིམ་སྐོར་བཅར་འདྲི་ཞུས་པར། ཁོང་གིས། “ཚོགས་འདུ་དེ་བོད་གཞུང་གི་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་བྱས་པ་རེད། ༡༩༡༣ ལོར་བོད་སོག་གཉིས་བར་རང་བཙན་རྒྱལ་ཁབ་འདྲ་མཉམ་གྱི་ཐོག་ཆིངས་ཡིག་ཅིག་བཞག་པ་རེད། སོག་པོས་བར་ལམ་ཞིག་ནས་ཆིངས་ཡིག་དེ་རྒྱལ་སྤྱིའི་ནང་ཁྱབ་བསྒྲགས་བྱེད་རྒྱུར་འབད་བརྩོན་བྱས་པ་རེད། ༢༠༡༠ ལོའི་ཕྱི་ཟླ་༡༢ ནང་སོག་པོའི་རྒྱལ་སར་ཆིངས་ཡིག་དེའི་སྐོར་ལ་མཁས་པའི་བགྲོ་གླེང་ཞིག་འཚོགས་པ་རེད། དེའི་སྐབས་བོད་པ་བདུན་མཉམ་ཞུགས་བྱས་པ་དང་ད་ཐེངས་འདི་བགྲོ་གླེང་གཉིས་པ་རེད་”ཅེས་འགྲེལ་བརྗོད་གནང་སོང་།
བརྗོད་གཞི་གཙོ་བོ་གང་ཡིན་སྐོར་དྲིས་པར། ཁོང་གིས། “བོད་དང་སོག་པོ་བར་གྱི་འབྲེལ་བའི་སྐོར་དང། བོད་སོག་བར་ཆིངས་ཡིག་མ་བཞག་སྔོན་ནས་བོད་དང་མན་ཇུས་བར་གྱི་འབྲེལ་བའི་སྐོར། བོད་སོག་གཉིས་ཀྱིས་ཆིངས་ཡིག་བཞག་ནའང་སོག་པོར་རང་བཙན་ཐོབ་པ་དང། བོད་ལ་རང་བཙན་མ་ཐོབ་པའི་རྒྱུ་མཚན་སྐོར། སོག་པོར་དེའི་སྐབས་ཀྱི་སྐུ་ཚབ་བཏང་བའི་སྐོར། ཆིངས་ཡིག་འཇོག་སྐབས་སྐུ་ཚབ་ཀྱི་སྐོར་སོགས་རེད་”ཅེས་འགྲེལ་བརྗོད་གནང་སོང་།
བོད་སོག་གཉིས་ཀྱི་ཆིངས་ཡིག་དེའི་སྐོར་བར་ལམ་ཞིག་ལ་གླེང་སློང་བྱས་ཡོད་པ་མ་རེད། དེང་སྐབས་གླེང་སློང་ཤུགས་ཆེན་པོ་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་སྐོར་དྲིས་པར། ཁོང་གིས། “བོད་ལ་མཚོན་ན་༡༩༥༡ ལོ་ནས་རྒྱ་ནག་མཉམ་པོར་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་རྗེས། བོད་པའི་ཕྱི་འབྲེལ་ལས་ཁུངས་སྒོ་བརྒྱབ་པ་དང་། ཡིག་ཆ་གལ་ཆེན་པོ་མང་པོ་ཞིག་རྒྱ་ནག་གི་ཕྱི་དྲིལ་ལས་ཁུངས་ནང་ཟླ་བསྒྲིལ་བཞག་ཡོད་པ་རེད། ཡིག་ཆ་རག་གི་ཡོད་པ་མ་རེད་ལ། མང་པོ་ཞིག་གིས་ཧ་གོ་ཡི་ཡོད་པ་མ་རེད། སོག་པོ་ལ་མཚོན་ནའང། ནང་སོག་དང་ཕྱི་སོག་གཉིས་རྒྱ་ནག་མཉམ་དུ་འདྲེས་བསྡད་ཡོད་པ་དང། རྒྱ་དང་འབྲེལ་བ་སོགས་ཀྱི་ཆེད་དུ་ཕྱིར་བསྒྲགས་མ་བྱས་པར་བཞག་པ་རེད། ཆིངས་ཡིག་ར་ཤི་ཡའི་མངའ་ཁོངས་ཀྱི་བྷི་རི་ཡའི་རྒྱལ་ཁབ་ཀྱི་ནང་ནས་རག་པ་རེད། ཡིན་ནའང་དེའི་སྐབས་ཆབ་སྲིད་ཀྱི་དགོས་དབང་གིས་ཁྱབ་བསྒྲགས་བྱས་ཡོད་པ་མ་རེད། ལོ་གཉིས་གསུམ་གྱི་སྔོན་ནས་སོག་པོར་རྒྱ་ནག་གི་ཤུགས་རྐྱེན་དང་། ར་ཤི་ཡའི་འགྱུར་ལྡོག་སོགས་རྒྱུ་མཚན་མང་པོ་ལ་བརྟེན་ནས་སོག་པོས་ཁྱབ་བསྒྲགས་བྱེད་རྒྱུར་འབད་བརྩོན་བྱས་པ་རེད། བོད་གཞུང་གི་ཕྱོགས་ནས་ཀྱང་རང་བཙན་རྒྱལ་ཁབ་ཀྱི་ངོ་བོའི་ཐོག་ནས་ཆིངས་ཡིག་བཞག་པ་ཡིན་པས། ལོ་རྒྱུས་ཀྱི་གལ་གནད་ཆེན་པོ་ཞིག་ཡིན་པས་བགྲོ་གླེང་འཚོག་རྒྱུ་འདི་འགོ་འཛུགས་བྱས་པ་ཞིག་རེད་”ཅེས་འགྲེལ་བརྗོད་གནང་སོང་།
ཆིངས་ཡིག་འདི་བསྐྱར་གླེང་བྱས་ནས་བོད་ལ་མ་འོངས་པར་ཁེ་ཕན་ག་རེ་ཡོད་ཀྱི་རེད་ཅེས་དྲིས་པར། ཁོང་གིས། “རྒྱ་ནག་གིས་ད་ལྟ་བར་དུ་བོད་དེ་རང་བཙན་མིན་པ་དང་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་པ་བཤད་བསྡད་ཡོད་པ་རེད། ཆིངས་ཡིག་འདིས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་མཚོན་གྱི་ཡོད་པས། བོད་རང་བཙན་ཡིན་པའི་ཁུངས་སྐྱེལ་གལ་ཆེན་པོ་ཞིག་རེད་”ཅེས་འགྲེལ་བརྗོད་གནང་སོང་།