རྡ་སར་ཁ་བ་འབབ་དུས།

 

རང་བྱུང་ཁམས་ཀྱི་ཁྲོས་པའི་ཞེ་སྡང་འབར་དུས།།

གྲང་རླུང་མི་ལ་འཐབ་པའི་ན་ཟུག་ལྡང་སོང་།།

ཁ་བ་དཀར་པོའི་དཔུང་རོགས་སྟོད་ནས་འདྲེན་དུས།།

ཉི་མ་སེར་པོ་ཤར་གྱི་རི་ནས་ལངས་བྱུང་།།

 

ལྷགས་རླུང་མི་རྒོད་སྨྱོས་པའི་ང་རྒྱལ་ཞིག་གིས།།

ཁ་བའི་རྡོ་ལུ་དཀར་པོས་གཉའ་རྡོ་སྤྲོད་དུས།།

བ་སྤུའི་སྤྲང་ཕྲུག་སྟོང་གིས་ངོ་རྒོལ་བྱས་ཀྱང་།།

ལྷན་པ་དགུ་བརྩེགས་འོག་ན་བཙོན་དུ་བཅུག་སོང་།།

 

སྟོང་ཁམས་བར་སྣང་གནོད་པའི་མཁོན་ནད་ཞིག་གིས།།

ཁ་ཆར་བུ་ཡུག་འཚུབ་མའི་དགྲ་སྒར་རྒྱག་བྱུང་།།

རྒྱལ་སྒོའི་གླེགས་བུ་མཐུག་པོ་དམ་དུ་སྡོམ་ཡང་།།

གྲང་རེག་ངར་མའི་དུག་རྫས་རུམ་ནང་གཏོང་བྱུང་།།

 

ནམ་མཁས་མུན་པའི་གོས་ཀྱི་བདུད་ཆས་སྤྲས་དུས།།

རུམ་གྱི་སྲུབ་ཀ་འཛེར་བུ་རེ་རེས་སྡོམ་ཡང་།།

གྲང་ངར་ལྷགས་པའི་འདོད་ཆགས་གཏིང་ནས་ཁོལ་ཏེ།།

ལུས་སེམས་ཕྱི་ནང་མེད་པར་བཙན་གཡེམ་བྱས་སོང་།།

༢༠༡༡་༡་༡ ཉིན་རྡ་ས་ནས།

1(Mecleod ganj)