སྲོག་ཉེན་ལ་ཐུག་པའི་འཇིགས་མེད་རྒྱ་མཚོ།

 

       འཇིགས་མེད་རྒྱ་མཚོ་ནི། ཕྱི་ལོ་༡༩༩༦ ལོར་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསར་རྗེར་ངོ་ལོག་པའི་ཚོགས་པ་བཙུགས་པའི་ཉེས་མིང་འོག་ཁོང་དང་ལྷ་ས་གྲོང་ཁྱེར་ཁོངས་ཀྱི་བོད་མི་ཁག་གཅིག་ལ་ཁྲིམས་ཆད་བཏང་ཡོད་པ་ལྟར།  འཇིགས་མེད་རྒྱ་མཚོ་ལ་དུས་ཡུན་ལོ་ངོ་༡༥ ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་སོགས་སུ་ངལ་རྩོལ་སྒྱུར་བཀོད་བྱེད་བཅུག་ཡོད་པ་དང་།  ཁོང་བཙོན་ཁང་ནང་ཡོད་མུས་སྐབས་སུ་ཕྱི་ལོ་༢༠༠༤ ལོར་༸གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག་ཅེས་སྐད་འབོད་བྱས་པའི་ཉེས་མིང་འོག་དུས་ཡུན་ལོ་ངོ་༢ སྤར་ཆ་བྱས་ཡོད་པ་རེད། 

       ཡིན་ནའང་ཁོང་གིས་མུ་མཐུད་བཙོན་ཁང་ནང་ལངས་ཕྱོགས་བརྟན་བཟུང་བྱས་པར་བརྟེན། ཉེས་རྡུང་ཚབས་ཆེན་ཕོག་སྟེ་ལུས་པོ་ནད་གཅོང་ཆགས་ཡོད་པ་མ་ཟད།  ཆུ་ཤུལ་བཙོན་ཁང་དུ་སྤོ་སྐྱེལ་བྱས་པའི་རྗེས་སུའང་མུ་མཐུད་ཉེས་རྡུང་བཏང་བ་སོགས་ཀྱིས་དེང་སྐབས་ལུས་པོ་ནད་གཅོང་དུ་གྱུར་ཏེ་སྲོག་ལ་ཉེན་ཁ་ཡོད་པའི་གནས་སུ་གྱར་ཡོད་པ་དང་།  ཕྱི་ལོ་༢༠༡༠ ལོར་ཡང་ཐུག་འཕྲད་བཀག་འགོག་བྱས་པ་དང་ཟུར་བཀག་ཁང་དུ་བཅུག་པ་སོགས་ལས་ད་ལྟའི་ཆར་འཇིགས་མེད་རྒྱ་མཚོའི་གཟུགས་པོའི་གནས་སྟངས་ཇི་འདྲ་ཡོད་མེད་ཤེས་རྟོགས་མེད་པར་གྱུར་ཡོད་འདུག

 

       ཁོང་ནི་ཕྱི་ལོ་༡༩༦༡ ལོར་ཨ་མདོ་བསང་ཆུ་རྫོང་ཁོངས་སུ་སྐྱེས་པ་དང་།  འཛིན་བཟུང་མ་བྱས་གོང་ལྷ་སར་གནས་སྡོད་བྱེད་ཀྱི་ཡོད་ཅིང་།  ཕ་ཚེ་ལས་འདས་ཟིན་པ་དང་།  ཁོང་བཙོན་དུ་ཚུད་རྗེས་ཀྱི་ལོ་གཉིས་རྗེས་སུ་ཨ་མ་ཚེ་ལས་འདས་ཟིན་ཡོད་པ་རེད།     ཁོང་གིས་ཨ་མདོ་བླ་བྲང་བསང་ཆུ་རྫོང་ཁུལ་དུ་ཐོག་མར་བོད་སྤྱི་དོན་སླད་ལས་འགུལ་སྤེལ་མཁན་གྱི་ཐོག་མའི་མི་སྣའི་གྲས་ཡིན་པ་མ་ཟད།  ལྷ་སར་གཏན་སྡོད་རིང་འཐབ་གྲོགས་ཁག་གཅིག་དང་མཉམ་དུ་བོད་སྤྱི་དོན་སླད་ལྷག་བསམ་རྣམ་དག་གིས་ལས་འགུལ་སྤེལ་མྱོང་མཁན་ཞིག་ཀྱང་ཡིན་པ་རེད།།

 

{jcomments on}