བྷར་རྫིལ་རྒྱལ་ཁབ་ཀྱི་བུད་མེད་སྲིད་འཛིན་དང་པོ།
ཟླ་འདིའི་ཚེས་༢ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བྷར་རྫིལ་སྲིད་འཛིན་གསར་པ་ལྕམ་ཌིལ་མཱ་རཱོའོ་སི་ཧྤི་མཆོག་རང་དབང་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་ནས། ལོ་གྲངས་འགའི་རིང་བཙོན་ཁང་དུ་བཞུགས་མྱོང་ཡོད་པ་དང། དེང་སྐབས་བྷར་རྫིལ་རྒྱལ་ཁབ་དེ་ཡར་རྒྱས་མགྱོགས་པོ་འགྲོ་ཡི་ཡོད་ཀྱང། ལོ་བཅུ་ཕྲག་ཅིག་གི་སྔོན་ཙམ་དུ་མི་མང་སྐྱོ་པོ་ཧ་ཅང་མང་བ་དང། ཆབ་སྲིད་ལངས་ཕྱོགས་ཚུལ་མཐུན་མེད་པས། ལུང་པའི་ཐོན་ཁུངས་རྒྱལ་ཁབ་གཞན་གྱིས་བདག་གིར་བྱས་པ་སོགས་དཀའ་ངལ་ཆེ་བའི་སྐབས། ད་ལྟའི་སྲིད་འཛིན་གསར་པ་འདིས་དཀའ་ལས་མང་པོ་རྒྱག་མྱོང་ཡོད་པས། ཁོང་ལ་རྒྱལ་ཁ་ཐོབ་པས་མི་མང་གིས་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
བྷར་རྫིལ་གྱི་རྒྱལ་ས་བྷིར་སཱི་ལི་ཡ་ནང་མི་མང་ཁྲི་ཚོ་མང་པོས། ལུང་པ་དེའི་ལོ་རྒྱུས་ནང་གི་བུད་མེད་སྲིད་འཛིན་ཐོག་མ། ལྕམ་ཌིལ་མཱ་རཱོའོ་སི་ཧྥི་མཆོག་གི་སྲིད་འཛིན་ལས་ཞུགས་ཀྱི་མཛད་སྒོའི་ནང་འཛོམས་ཡོད་པ་དང། སྐབས་དེར་སྲིད་འཛིན་ལྕམ་ཌིལ་མཱ་རཱོའོ་སི་ཧྥི་མཆོག་གིས། ད་ལྟ་བརྗེས་མ་ཐག་པའི་སྲིད་བློན་ལུའུ་ལཱ་ཁོང་གི་བཀའ་དྲིན་གྱིས། ལུང་པ་འདིའི་ལས་དོན་མང་པོའི་ཐད་ལ་ལེགས་བཅོས་མང་པོ་བཏང་ཡོད་པ་དང། མ་འོངས་པའི་ཆེད་དུ་མི་མང་ལ་ཡིད་ཆེས་ཀྱི་སྐུལ་མ་ཆེན་པོ་བྱས་ཡོད་པས། ངས་ཁོང་གི་ལས་དོན་ཁག་ལ་བརྩི་བཀུར་དང་། མི་མང་གི་ནུས་ཤུགས་རྒྱ་བསྐྱེད་གཏོང་འདོད་ཆེན་པོ་ཡོད་པ་ནི། སྲིད་འཛིན་ལུའུ་ལཱ་བརྒྱུད་ནས་སྦྱངས་པའི་སློབ་ཚན་ཡག་ཤོས་ཤིག་ཡིན་ཞེས་དང།
ཡང་ཁོང་གིས་མུ་མཐུད་ནས། ང་ཚོས་ལུང་པ་འདིའི་ནང་གི་མི་མང་སྐྱོ་པོ་ཚོའི་ཕྱོགས་ལ་ངེས་པར་དུ་ལས་འགུལ་སྤེལ་ནས་ཡར་རྒྱས་གཏོང་དགོས་ཤིང། མི་མང་གི་མདུན་ཅོག་སྟེང་ཟས་མེད་པ་དང་ཁྱིམ་གཞིས་མེད་པར་ཁྲོམ་གཞུང་དུ་ཉལ་བ། ཕྲུ་གུ་སྐྱོ་པོ་མང་དུ་འགྲོ་བའི་སྐབས་དེར་ངས་ནམ་ཡང་ངལ་གསོ་རྒྱག་མི་སྲིད་ལ། དེ་རིང་བྷར་རྫིལ་རྒྱལ་ཁབ་ཀྱི་སྲིད་འཛིན་བུད་མེད་འདེམས་ཐོན་བྱུང་བ་འདི་ནི། དུས་རབས་གསར་པ་ཞིག་གི་འགོ་བཙུགས་ཡོད་པ་དང། ལོ་རྒྱུས་ནང་གལ་འགངས་ཤིན་ཏུ་ཆེན་པོ་ཆགས་ཡོད། ལུང་པ་འདིའི་བུད་མེད་ཡོངས་རྫོགས་ལ་སྤོབས་པས་ཁེངས་ཡོད་པ་རེད། འབྱུང་འགྱུར་ང་ཚོས་ཆིག་སྒྲིལ་གྱི་ཐོག་ནས་གཞུང་དང་མི་མང་གི་ཆེད་དུ། དཀའ་ངལ་ཡོངས་རྫོགས་ལ་གདོང་ལེན་བྱེད་ཐུབ་དགོས་ཞེས་སོགས་གསུངས་ཡོད་པ་རེད།
དེ་དང་འབྲེལ་ནས་འབྱུང་འགྱུར་དཔྱ་ཁྲལ་སྒྱུར་བཅོས་དང་ཁོར་ཡུག་སྲུང་སྐྱོབ། འཕྲོད་བསྟེན་ཞབས་ཞུ་ཡར་རྒྱས་གཏོང་ཐབས། ཕྱིའི་རྒྱལ་ཁབ་ཁག་ནས་དཔལ་འབྱོར་སྲ་བརྟན་གཏོང་ཐབས། རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་ལམ་རྒྱུན་འཛིན་བྱེད་ཐབས་བཅས་ཀྱི་ལས་འཆར་སོགས་མི་མང་ལ་བརྒྱུད་བསྒྲགས་བྱས་ཡོད་པ་རེད། སྲིད་འཛིན་འདིའི་སྐབས་༢༠༡༢ ལོར་རྒྱལ་སྤྱིའི་ཁོར་ཡུག་ཚོགས་འདུ་དང། ༢༠༡༤ ལོར་འཛམ་གླིང་རྐང་རྩེད་པོ་ལོའི་འགྲན་ཚོགས། ༢༠༡༦ ལོར་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་སོགས་གཉེར་རྒྱུ་ཡིན་པས། ལུང་པའི་དཔལ་འབྱོར་ཡར་རྒྱས་གཏོང་བའི་ཆ་རྐྱེན་ཡང་གང་འཚམས་འཛོམས་ཡོད་འདུག དེ་བཞིན་སྲིད་འཛིན་འདིས་སྔོན་མའི་སྲིད་འཛིན་གྱི་སྐབས་ལས་བུད་མེད་བློན་ཆེན་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་པ་བཅས། ལས་དོན་གང་ཅིའི་ཐད་སྔར་ལས་ལྷག་པར་ཡར་རྒྱས་འགྲོ་རྒྱུར་མི་མང་གིས་རེ་བ་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
{jcomments on}