དགེ་འདུན་པ་ཞིག་གིས་བོད་ནས་རྡོར་གདན་བར་རྐྱང་ཕྱག་འཚལ་བ།
དགུང་ལོ་ལྔ་གཅིག་ཙམ་ཡིན་པའི་དགེ་འདུན་པ་ཀླུ་སྒྲུབ་འོད་ཟེར་གྱིས་ཕ་ཡུལ་བོད་ནས་རྐྱང་ཕྱག་འཚལ་ཏེ། རྒྱ་གར་དུ་འབྱོར་བ་ཐེངས་གཉིས་བ་དེ་ཡིན་པ་དང། ཐེངས་འདིར་ཕྱི་ལོ་༢༠༠༩ ཟླ་བ་༡ ནང་བསྐྱར་དུ་ཕ་ཡུལ་ཨ་མདོ་ཨ་མཆོག་མཚན་ཉིད་དགོན་ནས་འགོ་བཙུགས་ཀྱིས་བོད་དང་བལ་ཡུལ་སོགས་བརྒྱུད་ཕྱི་ལོ་༢༠༡༠ ཟླ་༡༢ ཚེས་༢༠ ནང་རྒྱ་གར་འཕགས་ཡུལ་གྱི་ནང་པའི་གནས་ཆེན་རྡོ་རྗེ་གདན་དུ་བདེ་འབྱོར་བྱུང་ཡོད་པ་རེད། དེ་ནི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༸གོང་ས་མཆོག་གཙོས་སྐྱེས་ཆེན་བླ་མ་དམ་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་འཕྲིན་རྒྱས་པ། བོད་གཞིས་བྱེས་གཉིས་ལྷན་འཛོམས་ཀྱི་ཉིན་མོ་མྱུར་དུ་ཤར་བ། ལྷག་དོན་འཛམ་གླིང་གོ་ལའི་ཁྱོན་དུ་རང་བྱུང་གི་གནོད་འཚེ་སོགས་མི་ཡོང་བའི་སླད། ལྷག་བསམ་རྣམ་དག་གིས་གསོལ་བ་སྨོན་ལམ་རྩེ་གཅིག་ཏུ་འདེབས་བཞིན་ཡོད་སྐོར་ཁོང་གིས་གསར་འགོད་པར་ངོ་སྤྲོད་བྱས་ཡོད་པ་རེད།
དེ་སྔོན་ཁོང་གིས་རྐྱང་ཕྱག་འཚལ་བ་རྒྱ་གར་ནང་གི་གནས་ཆེན་ཁག་གཅིག་པུ་ཙམ་མ་ཡིན་པར། རྒྱ་ནག་གི་གནས་ཆེན་གླིང་ཆེན་འགྱིང་རི་དང་རྒྱ་ནག་རི་བོ་རྩེ་ལྔ་སོགས་སུ་ཡང་རྐྱང་ཕྱག་འཚལ་ཏེ་ལེགས་འགྲུབ་བྱུང་ཡོད་འདུག།ད་དུང་མ་འོངས་པའི་ལོ་ཟླའི་ནང་མ་གྱུར་སེམས་ཅད་ཐམས་ཅན་འགྲོ་བ་རིགས་དྲུག་ཡོངས་སྡུག་བསྔལ་གྱི་རྒྱུ་ལས་གྲོལ་ཆེད་མུ་མཐུད། ས་ཕྱོགས་འདྲ་མིན་ལ་རྐྱང་ཕྱག་འཚལ་རྒྱུའི་དམིགས་ཡུལ་བརྟན་པོ་ཡོད་སྐོར་ཡང་གསུངས་སོང་། བོད་ནས་རྡོར་གདན་བར་རྐྱང་ཕྱག་མཚལ་རྒྱུར་མི་ལོ་གཉིས་ཙམ་འགོར་ཡོད་འདུག
གོང་གི་དགེ་འདུན་པ་ཀླུ་སྒྲུབ་འོད་ཟེར་ལགས་ཡིན་ན་ཕ་ཡུལ་བོད་མདོ་སྨད་ཨ་མཆོག་མཚན་ཉིད་དགོན་ནས་ཡིན་པ་དང། ད་ལྟ་དགུང་ལོ་ལྔ་གཅིག་ཡིན་ཞིང་ཕྱི་ལོ་༢༠༠༡ ལོར་བོད་ནས་ལྷ་ས་དང་འགྲམ། བལ་ཡུལ་སོགས་བརྒྱུད་དེ་ཐེངས་གཅིག་རྒྱ་གར་རྡོ་རྗེ་གདན་གཙོས་ནང་པའི་གནས་ཆེན་ཁག་ཏུ་རྐྱང་ཕྱག་འཚལ་ཏེ་ཕེབས་མྱོང་ཡོད་འདུག་ལ། ད་ཐེངས་ཕེབས་ཐེངས་གཉིས་པ་ཆགས་ཡོད། སྤྱིར་བཏང་འདས་བའི་ནང་བོད་ནས་རྒྱ་གར་འཕགས་ཡུལ་ལ་རྐྱང་ཕྱག་འཚལ་ནས་ཕེབས་མཁན་བོད་མི་རེ་ཟུང་བྱུང་ཡོད་ཀྱང་ཐེངས་གཉིས་ལ་ཕེབས་མཁན་ཕལ་ཆེར་ཐོག་མ་དེ་ཡིན་པ་རེད་འདུག །འདི་གའི་བལ་ཡུལ་ས་གནས་གསར་འགོད་པས།