འདི་ལོའི་འཇང་དགུན་ཆོས་ཆེན་མོ་མཇུག་བསྡོམས།
དེ་ཡང་དཔལ་ལྡན་འབྲས་སྤུངས་ཚོགས་ཆེན་ཞར་ངོ་དགེ་ཤེས་བློ་བཟང་དགེ་ལེགས་མཆོག་གིས་ཐོག་མར་འཇང་དགུན་ཆོས་སྐབས་ཀྱི་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་སྒྲོགས་སྦྱང་གནང་རྗེས། འཇང་དགུན་ཆོས་ཚོགས་ཀྱི་མཇུག་བསྡོམས་དང་འབྲེལ་བའི་གསུང་བཤད་གནང་དོན། ང་ཚོའི་ཐེངས་འདིའི་འཇང་དགུན་ཆོས་ཆེན་མོ་འདི་ལྟར་ཉིན་གྲངས་ཉེར་བཞིའི་རིང་འཚོགས་ཐུབ་པ་ཙམ་མིན་པར། དགེ་འདུན་པ་ཚང་མའི་དུས་ཚོད་ཆུད་ཟོས་སུ་མ་སོང་བའི་ཐོག་རྩོད་པ་སོགས་སློབ་གཉེར་བྱེད་ཕྱོགས་དང་། སྒྲིག་ལམ་ཀུན་སྤྱོད་ཁུར་སྟངས་སོགས་ཕྱོགས་ཡོངས་ནས་ཧ་ཅང་ཚགས་ཚུད་དང་འཐུས་ཚང་གནང་སོང་ལ། སླད་ཀྱི་ཆར་ཡང་འདི་ལྟར་རི་བོ་དགེ་ལྡན་པ་ཙམ་མིན་པར་སངས་རྒྱས་བསྟན་པའི་མིག་རྒྱན་དུ་འགྲོ་ཐུབ་པ་ཞིག་བྱེད་རྒྱུ་འདིར་འདུས་པའི་དགེ་འདུན་པ་ཡོངས་ལ་ཁོ་བོ་སྙིང་ཐག་པ་ནས་འབོད་སྐུལ་ཞུ་བཞིན་ཡོད། དེ་བཞིན་དགེ་བའི་རྩ་བ་འདི་ལ་བརྟེན་ནས་༧གོང་ས་མཆོག་གིས་གཙོས་གང་ན་སུ་བཞུགས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམ་པའི་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་པ་དང་། ༧གོང་ས་རྒྱལ་བ་རིན་ཆེ་མཆོག་གི་ཞབས་ཟུང་གསེར་གྱི་འཁོར་ལོ་རྩེ་ཕོ་བྲང་པོ་ཏ་ལར་འཁོད་ཐུབ་པ་དང་། གཞིས་བྱེས་ས་ཡ་དྲུག་གིས་མགྱོགས་མྱུར་ངང་དགའ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པའི་ཐུགས་སྨོན་སྐྱབས་འཇུག་རྒྱ་མི་ཆུང་པ་གནང་རོགས་ཞེས་གསུངས་སོང་།
གཞན་ཡང་འཇང་དགུན་ཆོས་ཚོགས་སྐབས་ཀྱི་ཉིན་རེའི་མཛད་རིམ་ཚོགས་ཆོས་རར་འགྲོ་བ་ཙམ་མིན་པར་ཚད་ཆེན་དམ་བཅའ་དང་མཚན་ཕུད་དམ་བཅའ་སོགས་ཀྱི་མཚོན་པའི་མཛད་པ་ཁག་མི་འདྲ་བ་རེ་རེ་བཞིན། དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་སྒོ་མང་གྲྭ་ཚང་གཉིས་ཀྱིས་གོ་སྒྲིག་འཐུས་གནང་བ་དང་། འདི་ལོའི་འཇང་དགུན་ཆོས་ཚོགས་ཆེན་མོ་རྒྱལ་ཁའི་ངང་མཇུག་ཡོངས་སུ་གྲོལ་ཡོད་པ་རེད།
མོན་གྷོ་གསར་འགོད་པ་ཐུབ་བསྟན་བཀྲིས་ཀྱིས།