རྩོམ་པ་པོ་གཉན་སོགས་ལ་ལོ་གསུམ་ནས་བཞི་བར་གྱི་ཁྲིམས་ཆད།

jangtse donkhoགསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ལོ་༣༢ ཡིན་པའི་འཇང་རྩེ་དོན་ཁོའམ་སྨྱུག་མིང་ལ་གཉན་ཞེས་པ་ནི་རྔ་བ་ཁུལ་ཁྱུང་མཆུ་རྫོང་ས་གནས་ལོ་རྒྱུས་ཞིབ་འཇུག་ལས་ཁུངས་ཀྱི་ལས་བྱེད་ཡིན་པར་མ་ཟད། སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཡོད་པའི་རྩོམ་ཡིག་འབྲི་མཁན་ཞིག་ཀྱང་ཡིན་ཞིང་། ཁོང་གིས་སྙན་དེབ་《རོ་ལངས་》 ཞེས་པ་འདོན་སྤེལ་དང། རྩོམ་ཡིག་གང་མང་ལ་སྤྱི་ཚོགས་ཁྲོད་གདེང་འཇོག་ཆེན་པོ་ཐོབ་ཡོད་འདུག ཟི་ཁྲོན་ཞིང་ཆེན་གྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན་པ་དང་ཁོང་གི་བཟའ་ཟླ་ལ་ཕྲུ་གུ་གཉིས་ཡོད་འདུག ༢༠༠༨ ལོར་《ཤར་དུང་རི་》 དུས་དེབ་ཐོག་《ཕྱིར་རྟོགས་དང་བསམ་གཞིག》 ཅེས་པའི་རྩོམ་ཡིག་སྤེལ་བ་དང་། 《དུས་རབས་ཀྱི་ང་》 ཞེས་པའི་དུས་དེབ་ཏུ་ཆབ་སྲིད་ཀྱི་ནང་དོན་ཡོད་པའི་རྩོམ་ཡིག་སྤེལ་བའི་ཉེས་མིང་དང་། རྒྱལ་ཁབ་བྲལ་གཏོང་བའི་ནག་ཉེས་བཙུགས་ནས་ལོ་༤ ཡི་ཁྲིམས་ཐག་བཅད་ཡོད་པ་རེད།

budhaལོ་༣༡ ཡིན་པའི་བུད་ངྷ་ནི། རྔ་བ་རྫོང་བར་མ་ཤང་ནས་ཡིན་ཞིང་། རྒྱ་ནག་ཁྲུང་ཆིང་གསོ་རིག་སློབ་གྲྭ་ཆེན་མོ་ནས་མཐར་སོན་རྗེས་རྔ་བ་རྫོང་བར་མ་ཤང་བོད་སྨན་ཁང་གི་སྨན་པ་ཡིན་པ་རེད། ༢༠༠༨ ལོར་《ཤར་དུང་རི་》 དུས་དེབ་ཐོག 《ང་ཚོའི་ལུས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་ག་འདྲ་ཞིག་ཡོད》 ཅེས་པ་དང་། 《ཕྱིར་རྟོག་དང་བསམ་གཞིག》ཅེས་པའི་རྩོམ་ཡིག་སྤེལ་བར་བརྟེན།  རྒྱལ་ཁབ་བྲལ་གཏོང་བའི་ནག་ཉེས་བཙུགས་ནས་ལོ་༤ ཡི་ཁྲིམས་ཐག་བཅད་ཡོད་པ་རེད། ཁོང་གི་བཟའ་ཟླ་ལ་ཕྲུ་གུ་གཅིག་ཡོད་པ་རེད།

kelsangjinpaལོ་༣༣ ཡིན་པའི་སྐལ་བཟང་སྦྱིན་པའམ་སྨྱུག་མིང་ལ་མགར་མི་ཞེས་པ་ནི། ཙ་ཡུས་སྨད་ཀྱི་དུད་ཁ་ཤིང་སྐྱོང་ཐང་སྡེ་བ་ནས་ཡིན་ཞིང། ཆུང་དུས་ཙ་ཡུས་དགོན་པའི་གྲྭ་པ་ཡིན་པ་དང་། ༡༩༩༣ ལོར་རྒྱ་གར་དུ་ཡོང་སྟེ་སུ་ཇཱ་བོད་ཁྱིམ་དང་ཀིརྟིའི་བྱེས་པ་གྲྭ་ཚང་སོགས་སུ་སློབ་གཉེར་མྱོང་ཡོད་འདུག ཕ་ཡུལ་དུ་ཚོང་ལས་ཙག་ཙིག་གཉེར་བའི་ཞོར་དུ་༢༠༠༨ ལོའི་《ཤར་དུང་རི་》དུས་དེབ་ཏུ་《ཟུངས་ཁྲག་དང་ཚེ་སྲོག་གི་གཏུག་བཤེར》 ཞེས་པའི་རྩོམ་ཡིག་སྤེལ་བར་བརྟེན། རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་བཏགས་ནས་མི་ལོ་༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ཁོང་གི་བཟའ་ཟླ་ལ་ཕྲུ་གུ་གཉིས་ཡོད་པ་རྣམས་ནི་ད་སྐབས་འཚོ་བའི་བརྟེན་ས་མེད་པར་གྱུར་ཡོད་པ་རེད།།

{jcomments on}