སྤྱི་སྙོམས་དང་ཁྲིམས་ཀྱིས་དབང་བསྒྱུར་ཟེར་བ་ཁ་ཙམ་རེད།
ཟླ་འདིའི་ཚེས་༣ ཉིན་བོད་གཞུང་ཕྱི་དྲིལ་འགྲེམས་སྟོན་ཁང་གི་གོ་སྒྲིག་འོག དྷ་ས་ཉིན་མོའི་སློབ་གྲྭའི་ཚོགས་ཁང་ནང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་མའི་ལམ་གྱི་བྱུང་རིམ་དང་། དགོས་མཁོ། ད་ལྟའི་གནས་བབ་བཅས་ཀྱི་ཐད་ལ་དབྱིན་སྐད་ཐོག་གསུང་བཤད་གནང་སོང། ཁོང་གིས། དབུ་མའི་ལམ་གྱི་སྲིད་ཇུས་འདི། ༧གོང་ས་མཆོག་གིས་ཡུལ་དུས་ལ་གཟིགས་ནས་ལམ་སྟོན་གནང་བ་ཞིག་ཡིན་པས། ད་ལྟའི་སྐབས་བོད་མི་ཕལ་ཆེ་བས་སྲིད་ཇུས་འདི་ལ་རྒྱབ་སྐྱོར་གྱི་ཐོག་ནས་འགྲོ་བཞིན་ཡོད་པ་དང། དང་ཐོག་བོད་མི་རྣམས་བཙན་བྱོལ་དུ་འབྱོར་མ་ཐག གཞིས་ཆགས་འཛུགས་རྒྱུ་དང་འཚོ་བའི་ཐད་ཀྱི་དཀའ་ངལ་སེལ་ཐབས་སུ་འབད་བརྩོན་གཙོ་བོ་བྱས་པ་དང། དྲུག་ཅུ་རེ་གྲངས་ནང་རྒྱ་ནག་ཏུ་རིག་གནས་གསར་བརྗེ་ལངས་ནས་གནས་བབ་སྐྱོ་རུ་སོང་ཡོད་ཅིང། དེ་ནས་བདུན་ཅུ་དོན་གྲངས་ནས་རྒྱ་བོད་གཉིས་དབར་འབྲེལ་བའི་སྐོར་དང། ལོ་རབས་བརྒྱུད་ཅུ་པའི་མཇུག་ཏུ་བོད་ནང་ཞི་རྒོལ་ཆེན་བྱུང་བའི་སྐོར། དགུ་བཅུ་གོ་གྲངས་ནང་རྒྱ་བོད་གཉིས་འབྲེལ་ལམ་ཆད་པ་དང། ༢༠༠༢ ལོར་ཁོང་གིས་བཀའ་ཁྲིའི་འགན་བཞེས་ནས་ད་ལྟའི་བར་རྒྱ་བོད་གཉིས་དབར་ཐེངས་༩ གྲོས་མོལ་སོང་ཡོད་པས། གྲོས་མོལ་དེ་དག་གི་རིང་ལ་རྒྱ་ནག་ཕྱོགས་ཀྱི་དོགས་པ་རྣམ་རྟོག་མང་པོ་ཞིག་ཤེས་རྟོགས་བྱུང་ཡོད་ཅིང་། དེ་དང་འབྲེལ་ནས་བོད་གཞུང་གི་ཕྱོགས་ནས་མི་རིགས་ས་གནས་རང་སྐྱོང་གི་དགོས་འདུན་མཚོན་པའི་ཡིག་ཆ་རྒྱ་གཞུང་ལ་ཕུལ་ཡོད་ཀྱང། རྒྱ་ནག་ཕྱོགས་ནས་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་སོགས་རྩོད་ཀྱི་འདུག་ཅེས་བརྗོད་ཀྱི་ཡོད་པ་རེད་ཅེས་༡༩༥༠ ལོའི་ལོ་ནས་ད་ལྟའི་བར་གྱི་བོད་མིའི་ཆབ་སྲིད་ཀྱི་གནས་བབ་དང་བརྒྱུད་རིམ་ངོ་སྤྲོད་གནང་སོང།
ཡང་ཁོང་གིས། དེང་སྐབས་རང་བཙན་བརྩད་ནས་རྒྱལ་ཁབ་གཅིག་ཁོ་ན་གནས་ཐབས་བྲལ་བ་ཞིག་ཡིན་པ་དང། ཡུ་རོབ་མཉམ་འབྲེལ་ལྟ་བུར་མཚོན་ན་སྔོན་དུས་རང་བཙན་ཡིན་པའི་རྒྱལ་ཁབ་མང་པོ་མཉམ་རུབ་བྱས་ནས། དངུལ་ལོ་གཅིག་སྒྱུར་དང་ཚོང་དོན་མཉམ་འབྲེལ་གྱི་ཐོག་ནས་འགྲོ་ཡི་ཡོད་པ་རེད། འབྱུང་འགྱུར་བོད་ཀྱང་ཕྱི་དངོས་པོའི་ཐད་ལ་ཡར་རྒྱས་གཏོང་དགོས་ཚེ། ཁྱིམ་མཚེས་རྒྱལ་ཁབ་ཆེ་ཁག་དང་ལྷན་དུ་ཚོང་དོན་གཉེར་ནས་འགྲོ་དགོས་པ་ཞིག་ཡིན། རང་བཙན་བསྐྱར་གསོ་ཐུབ་ཀྱང་ད་ལྟའི་ས་གནས་མི་རིགས་རང་སྐྱོང་རྩོད་པའི་ཆོལ་གསུམ་གྱི་ས་ཁྱོན་ལྟ་བུ་ཐོབ་རྒྱུ་བརྗོད་ཁག་པོ་ཡིན་པ་དང་། མི་རིགས་ས་གནས་རང་སྐྱོང་ཐོབ་ན་བོད་མི་གནས་སྡོད་བྱེད་སའི་ཆོལ་གསུམ་གྱི་ས་ཁུལ་རྣམས་འཛིན་སྐྱོང་གཅིག་གི་འོག་ཏུ་གནས་ཀྱི་རེད་ཅེས་གསུངས་སོང།
ཁོང་གིས་མུ་མཐུད་ནས། དེང་སྐབས་ཚན་རིག་ཡར་རྒྱས་དང་དཔལ་འབྱོར་གྱི་གནས་བབ་སོགས་ཡར་རྒྱས་སོང་ཡོད་བརྗོད་ཀྱི་ཡོད་ནའང་། ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག འཇིགས་སྐུལ་རིང་ལུགས་པའི་དྲག་སྤྱོད། རྡུལ་ཕྲིན་ཉོ་ཚོང། དམག་འཁྲུག་བཅས་རྒྱུན་ཆད་མེད་པ་ཡོང་བཞིན་པ་དང། ཨ་རི་ཡར་རྒྱས་ཆེན་པོ་སོང་ཡོད་ཟེར་གྱི་ཡོད་མོད། ཨ་རིའི་གནམ་ཐང་སོགས་སུ་སྔོན་ལྟར་མིན་པར་གཟུགས་པོ་སྔོག་བཤེར་དང་། མཐའ་ན་ལྷམ་ཡང་ཕུད་ནས་སྔོག་བཤེར་བྱེད་དགོས་པའི་དུས་ལ་སླེབས་ཟིན་པ་རེད། རྒྱལ་ཁབ་གང་ཞིག་ལ་དཔལ་འབྱོར་དང་དམག་དོན་གྱི་སྟོབས་ཤུགས་མེད་ན། དྲང་བདེན་སོགས་ག་ཚོད་ཡོད་ཀྱང་བདག་པོ་རྒྱག་མཁན་མེད་པ་དང། སྔོན་དུས་བོད་ནང་དགེ་འདུན་པ་བཞིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྱབ་བསྒྲགས་ཡིག་ཆ་འཁྱེར་འདུག་ཟེར་ནས་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད་པ་རེད། དོན་དུ་རྒྱལ་ཚོགས་ཀྱི་ཁྱབ་བསྒྲགས་ཡིག་ཆ་དེ་ལ་རྒྱ་ནག་གིས་མོས་མཐུན་བྱས་ནས་ཁྱབ་བསྒྲགས་བྱས་པ་ཞིག་ཡིན་པ་དང། རྒྱ་ནག་ལ་འཁང་ར་བྱེད་མཁན་གྱི་སྐབས་དེའི་དཔོན་རིགས་ཚོས། ལྟའི་སྐབས་རྒྱ་ནག་ལ་སྤྲེལ་ལད་བཤད་ནས་འགྲོ་ཡི་ཡོད་པ་རེད། དོན་དུ་རྒྱལ་ཁབ་གང་ཞིག་ལ་སྟོབས་དང་དཔལ་འབྱོར་མེད་ན། རྒྱལ་ཚོགས་གཙོ་བོར་གྱུར་པའི་ལུང་པ་མང་པོས། དཀའ་སྡུག་མྱོང་བཞིན་པའི་མི་མང་ལ་ལྟ་རྟོགས་བྱེད་ཀྱི་ཡོད་མ་རེད་ལ། དྲང་བདེན་དང་ཞི་བདེ། འཚེ་བ་མེད་པ། མང་གཙོ། སྤྱི་སྙོམས། ཁྲིམས་ཀྱིས་དབང་སྒྱུར་ཟེར་བའི་ཚིག་སྙན་པོ་དེ་དག་ཁ་ཙམ་དུ་ཆགས་ཀྱི་ཡོད་པ་ལས། ལག་ལེན་གྱི་ཐོག་ནས་སྟོང་པ་རེད་ཅེས་རྒྱལ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་བབ་དང་འབྲེལ་ལམ་སྐོར་གསུངས་ཡོད་པ་རེད།།
{jcomments on}