ལྷན་ཚོགས་འདི་རང་དབང་ཅན་གྱི་སྡེ་ཚན་ཞིག་ཡིན་དགོས།

དང་ཐོག་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཞོན་གྱིས། སྨན་པའི་ལྷན་ཚོགས་ཀྱི་བྱུང་རིམ་རྒྱབ་ལྗོངས། དགོས་པ་དང་དམིགས་ཡུལ། ཚོགས་མི་དང་རྒྱུན་ལས་པའི་གྲངས། དུས་ཡུན། ཚོགས་དུས། གསོ་རིག་སློབ་གཉེར་ཁང་དེབ་སྐྱེལ། གསོ་རིག་སྨན་པའི་དེབ་སྐྱེལ། གསོ་རིག་སྨན་སྦྱོར་ཁང་དེབ་སྐྱེལ། མ་འོངས་ལས་འཆར་སོགས་ངོ་སྤྲོད་གསུང་བཤད་གནང་སོང་ལ། དེ་དང་འབྲེལ་ནས་སྨན་པའི་ལྷན་ཚོགས་ཀྱི་རྒྱུན་ལས་ཀྱིས་རྩིས་ཁྲ་ཀློག་སོང།

དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས། “སྨན་པའི་ལྷན་ཚོགས་འདི་བོད་གཞུང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་སྒྲིག་གཞིའི་དགོངས་དོན་ནས་བྱུང་བའི་གལ་གནད་ཆེ་བའི་སྒྲིག་འཛུགས་ཤིག་ཡིན་པས། དེའི་ཐོག་ལ་བཀག་ཤག་གི་ངོས་ནས་རྒྱབ་སྐྱོར་དགོས་པ་སྨྲོས་མེད་རེད། ཁྲིམས་སྒྲིག་འོག་ནས་བྱུང་བའི་སྒྲིག་འཛུགས་ཤིག་ཡིན་ནའང། སྒྲིག་འཛུགས་དེ་རང་དབང་ཅན་ཞིག་དགོས་ཀྱི་ཡོད་པ་དང། ནུས་པ་དེའང་རང་དབང་ཅན་ཞིག་དགོས་ཀྱི་ཡོད་པས། གཞུང་གིས་རྒྱུན་གྲོན་ཆ་ཚང་བཏང་བསྡད་པ་ཡིན་ན་རང་དབང་ཅན་ཆ་ཚང་བ་ཞིག་ཆགས་ཀྱི་མེད་པའི་རྣམ་འགྱུར་ཞིག་ཐོན་ཡོད་པ་རེད། རྒྱུན་གྲོན་གྱི་རིགས་དེ་སྨན་པའི་ལྷན་ཚོགས་རང་ཉིད་ནས་དགོངས་པ་བཞེས་དགོས་པ་ཆགས་ཀྱི་ཡོད་རེད། སྨན་པའི་ལྷན་ཚོགས་ཀྱི་ལས་དོན་གོང་འཕེལ་དང་རྒྱ་བསྐྱེད། རྟོག་ཞིབ་དང་བཅས་པའི་ཕྱི་འབྲེལ་གྱི་ལས་དོན་རིགས་ལ་ཕྱག་དངུལ་གྱིས་མ་འདང་བའི་སྐུ་ངལ་འཕྲད་པ་ཡིན་ན། ཏན་ཏན་སྙན་གསན་ཞུ་ས་ཡོད་པ་རེད་ལ་དགོངས་པ་བཞེས་དགོས་པ་ཞིག་ཀྱང་ཆགས་ཀྱི་རེད་བསམ་གྱི་ཡོད་”ཅེས་སོགས་གསུངས་སོང་།།