བོད་མི་བྲོས་བྱོལ་བ་བཀག་ཉར་དང་རྩིས་སྤྲོད།

གནས་ཚུལ་ཡོང་ཁུངས་ལྟར་ན། བལ་ཡུལ་ས་གནས་ཉེན་རྟོག་པ་ཚོས་བོད་མི་བྲོས་བྱོལ་སྐྱབས་བཅོལ་བ་དེ་ཚོ་བལ་བོད་ས་མཚམས་དང་ཐག་ཉེ་བལ་ཡུལ་མཐའ་མཚམས་Sindhupalchowk རྫོང་ཁོངས་ནས་ཕྱི་ཚེས་གཉིས་ཉིན་འཛིན་བཟུང་བྱས་བ་དང་། ཁོང་ཚོར་བལ་ཡུལ་རྒྱལ་ནང་དུ་ཡོང་དགོས་བའི་དམིགས་ཡུལ་གང་ཡིན་དང་གང་དུ་འགྲོ་མཁན་ཡིན་པ་སོགས་ཀྱི་ཐད་འདྲི་བརྩད་བྱེད་སྐབས་ཁོང་ཚོར་ཁྲིམས་མཐུན་གྱི་པཱ་སི་སོགས་གང་ཡང་མེད་པ་ཤེས་རྟོགས་བྱུང་ནས་འཛིན་བཟུང་བཀག་གཉེར་དང་རྒྱལ་སའི་ཕྱི་མི་ཞིབ་གཤེར་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད་འདུག དེ་ནས་འདྲི་བརྩད་ནན་མོ་བྱས་མཐར་མཉམ་འབྲེལ་རྒྱལ་ཚོགས་དང་། སྣེ་ལེན་ཁང་། བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱིས་རིམ་པས་འབྲེལ་བ་བྱས་པ་བརྒྱུད་མཐར་ཟླ་འདིའི་ཚེས་༣ ཉིན་བོད་གཞུང་བལ་ཡུལ་སྣེ་ལེན་ཁང་དུ་རྩིས་སྤྲོད་བྱས་ཡོད་པ་རེད། བྲོས་བྱོལ་སྐྱབས་བཅོལ་དུ་ཡོང་མཁན་ཁོང་ཚོའི་ཁྲོད་ནས་ལོ་ན་ཆེ་ཤོས་སྟེ་ལོ་༣༠ དང་ལོ་ན་ཆུང་ཤོས་ལོ་༡༥ ཡིན་པ་དང། དེའི་ནང་བུ་བཞི་དང་བུ་མོ་གཉིས་ཡོད་འདུག ཁོང་ཚོ་རྒྱ་གར་ལ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུ་རྒྱུ་དང་དེ་ནས་བོད་ནང་ནས་སློབ་སྤྱོང་བྱེད་རྒྱུའི་སྐལ་བ་མ་ཐོབ་པར་བརྟེན་སློབ་སྤྱོང་གི་གོ་སྐབས་འཚོལ་སྙེག་ཆེད་ཡོང་བ་ཡིན་ཚུལ་བཤད་ཡོད་འདུག

སྤྱིར་ལོ་ལྟར་བོད་ནས་བོད་མི་བྲོས་བྱོལ་སྟོང་ཕྲག་ཁ་ཤས་བལ་བོད་ས་མཚམས་བརྒྱུད་ཡོང་གི་ཡོད་ཀྱང་། ཕྱི་ལོ་༢༠༠༨ ལོར་བོད་ནང་གི་གཞིེས་ལུས་བོད་མི་ཚོས་སྤེལ་བའི་ཞི་བའི་དོན་རྐྱེན་རྗེས་ནས་རྒྱ་ནག་གཞུང་གིས་ས་མཚམས་བཀག་འགོག་ཤུགས་ཆེན་བྱས་པར་བརྟེན། བོད་མི་བྲོས་བྱོལ་སྐྱབས་བཅོལ་དུ་ཡོང་མཁན་གྲངས་ཀ་ལྡབ་གྱུར་གྱིས་ཇེ་ཉུང་དུ་ཕྱིན་ཡོད་འདུག །
བལ་ཡུལ་ས་གནས་གསར་འགོད་པས།

{jcomments on}