རང་ངོ་རང་ཤེས་དང་རང་འགན་རང་ཁུར།

sahra_meeting1ཐོག་མར་མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་འབྲེལ་མཐུད་པ་ལུང་རྟོགས་ལགས་ཀྱིས་ཚོགས་ཆེན་ངོ་སྤྲོད་གནང་དོན། མཐོ་རིམ་སློབ་མའི་ཚོགས་ཆེན་གྱི་དམིགས་ཡུལ་གཙོ་བོ་ནི། རང་ངོ་རང་ཤེས་དང་རང་མགོ་རང་ཐོན་གྱི་རྣམ་པའི་ཐོག་ནས་མཐོ་རིམ་སློབ་མས་དང་ལེན་གྱི་ཐོག་ནས་ལོ་རེར་ཐེངས་རེ་འཚོག་གི་ཡོད་པ་རེད། ཐེངས་དང་པོ་དེ་༢༠༠༦ ལོར་གསར་དུ་འགོ་བཙུགས་ནས། དང་པོ་མེང་ལོར་དང་། གཉིས་པ་ས་རཱ། གསུམ་པ་ཝ་ར་ཎ་སི། བཞི་པ་ཅི་ནའི། ལྔ་པ་ས་རཱ་ལ་ད་ལྟ་འཚོག་བཞིན་པ་བཅས་བྱུང་བ་རེད། ང་ཚོ་མཐོ་རིམ་སློབ་མ་ཚོས་བོད་ཀྱི་རྩ་དོན་ཐོག་ལ་དམིགས་བསལ་གྱིས་འགན་ཆེན་པོ་ལེན་ཐུབ་པའི་རེ་བ་དང་ཡིད་ཆེས་བརྟན་པོ་ཡོད་ཅེས་ངོ་སྤྲོད་གནང་སོང།

དེ་རྗེས་སྐུ་མགྲོན་གཙོ་བོ་༧རྒྱལ་བ་ཀརྨ་པ་མཆོག་གིས་མཐོ་རིམ་སློབ་མའི་བོད་ཡིག་དང་དབྱིན་ཡིག་གཉིས་ཀྱི་ཐོག་ནས་བཟོས་པའི་དྲ་རྒྱ་དབུ་འབྱེད་གནང་རྗེས། བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་བོད་ཀྱི་སྲིད་འབྱོར་རིག་གསུམ་ཐོག་སྐུ་ཚེ་ཧྲིལ་པོར་ཕྱག་ལས་གནང་བའི་གཟེངས་བསྟོད་ཀྱི་ཞལ་ཐང་ཞིག་ཕུལ་བ་དང། དེ་རྗེས་ནུབ་བྱང་མི་རིགས་སློབ་ཆེན་གྱི་སློབ་མ་དང་《ཁྲག་ཡིག་》 རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ནམ་སྨྱུག་མིང་ལ་ཐེའུ་རངས་ཞེས་པ་ལ་དཔའ་བོའི་སྙིང་སྟོབས་ཞེས་པའི་གཟེངས་རྟགས་ཤིག་ཀྱང་ཕུལ་སོང།

sahra_meeting2དེ་ནས་མཐོ་རིམ་སློབ་མ་ནང་ཁུལ་དུ་རྩོམ་ཡིག་འགྲན་སྡུར་བྱས་པའི་ཁྲོད་ཨང་རིམ་རྩེར་སོན་རྣམས་ལ་ལག་ཁྱེར་གཟེངས་རྟགས་རེའང་སྐུ་མགྲོན་གཙོ་བོ་མཆོག་ནས་གནང་བ་དང་། ས་རཱའི་སློབ་སྦྱི་དགེ་བཤེས་འཇམ་དཔལ་གྲགས་པ་མཆོག་ནས་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་ངོ་སྤྲོད་སོགས་གནང་རྗེས། སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་དོན། ད་ལྟ་བར་དུ་ཚོགས་ཆེན་དེ་སློབ་མ་རང་གི་ཐོག་ནས་གོ་སྒྲིག་བྱེད་ཐུབ་པ་དང་། ཆབ་སྲིད་ཀྱི་ཐོག་ནས་ཕྱོགས་སུ་མ་ལྷུང་བའི་སྒོ་ནས་སློབ་སྦྱོང་རང་གི་ངོ་བོའི་ཐོག་ནས་གནང་ཐུབ་པ་དེ་ཧ་ཅང་གཟི་བརྗིད་ཆེན་པོ་རེད་བསམ་གྱི་འདུག མ་འོངས་པར་ཡང་བོད་པའི་སློབ་མ་གཅིག་པུ་མིན་པར་མཐོང་རྒྱ་ཆེ་རུ་བཏང་ནས་གཞན་དང་མཉམ་དུ་འབྲེལ་བ་བྱེད་རྒྱུ་གལ་ཆེན་པོ་མཐོང་གི་འདུག  གཞི་རྩའི་ཆ་ནས་སོ་སོ་བོད་པ་ཡིན་པ་བརྗེད་རྒྱུ་ཡོད་མ་རེད། ད་གིན་འདི་ནས་གསུངས་སོང། རང་གིས་རང་ཤེས་དགོས་པ་གལ་ཆེན་པོ་རེད། རང་གི་རྒྱལ་ཁབ་ཀྱི་གནས་སྟངས་ག་འདྲ་རེད། མི་རིགས་ཀྱི་གནས་སྟངས་ག་འདྲ་རེད། སྤྱི་ཡོངས་ཀྱི་ནས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད་ཅེས་སོགས་གསུངས་སོང།

དེ་རྗེས་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེས་གསུང་བཤད་གནང་དོན། ཁྱེད་རང་ཚོས་ད་ལྟ་བར་སུ་གཅིག་ལ་མ་བརྙེས་པར་གོ་སྒྲིག་དང། དཔལ་འབྱོར་འདུ་འགོད་བཅས་ཚང་མ་རང་ངོས་ནས་བྱེད་ཐུབ་པ་དེ་གཟི་བརྗིད་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཚོགས་འདུ་ཕེབས་མཁན་ཚང་མ་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཡོད། ཚོགས་འདུ་ཟེར་བ་དེ་དོན་གནད་དམིགས་བསལ་བ་ཞིག་གི་སྒང་ལ་བསམ་གཞིག་དང་གོ་སྡུར་བྱེད་པའི་ཆེད་དུ་བེད་སྤྱོད་ཡག་པོ་གནང་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་རེད། ཐུག་འཕྲད་དང་འདུ་འཛོམས་བྱེད་པ་ཙམ་གྱི་ཐོག་ལ་ཕྱིིན་པ་ཡིན་ན་ཕངས་པོ་རེད། ཐག་རིང་ནས་སྐུ་ངལ་བསྐྱོན་ནས་ཕེབས་མཁན་དང་གོ་སྒྲིག་གནང་མཁན་ཚོས་དཀའ་ལས་བརྒྱབ་པ་དེ་ཉིན་མ་གཉིས་གསུམ་ཟེར་དུས་ཕྱོགས་གཅིག་ནས་དུས་ཚོད་ཐུང་ཐུང་རེད་དེ། ཡིན་ན་ཡང་བེད་སྤྱོད་ཡག་པོ་གནང་ཐུབ་ན་བེད་སྤྱོད་ཡོད་པ་ཞིག་རེད་ཅེས་སོགས་གསུངས་སོང་།

sahra_meeting3དེ་རྗེས་སྐུ་མགྲོན་གཙོ་བོ་༧དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་གསུང་དོན། སྤྱིར་ཤེས་ཡོན་གྱི་ཆ་ནས་ཆུ་ཚད་མཐོན་པོ། མཐོ་རིམ་སློབ་གྲྭ་ཐོན་པ། དེ་བཞིན་ཆེད་ལས་མཁས་པ་དེ་འདྲ་ཡིན་ཡང་མིའི་ཆ་ནས་བཤད་པ་ཡིན་ན་མི་བཟང་པོ་མིན་ན་སྤྱི་ཚོགས་ལ་གཏོར་གཤིག་གཏོང་མཁན་གྱི་ཉེས་ཅན་པ་དེ་འདྲ་མང་པོ་ཆགས་འགྲོ་བའི་གནས་ཚུལ་ཡོང་གི་ཡོད་པ་རེད། དེར་བརྟེན་དེང་སང་མི་ཆོས་རིག་པ་དེ་བསླབ་རྒྱུ་གལ་ཆེན་པོ་ཡིན་པའི་དོ་སྣང་ཆེ་རུ་འགྲོ་ཡི་ཡོད་པ་རེད། ང་ཚོའི་གནས་སྟངས་དེ་ད་ལྟ་གཉན་འཕྲང་ཅན་ལ་སླེབས་ཡོད་སྟབས། ཕྱིའི་ཤེས་བྱ་ཡོན་ཏན་དགོས་པ་ཙམ་དུ་མ་ཟད། རང་མི་རིགས་ལ་ལྷག་བསམ་དང་ཤ་ཞེན། དེ་བཞིན་རང་གི་རྒྱལ་ཁབ་དང་རང་གི་ཕ་ཡུལ་གྱི་ཆེད་དུ་ལེགས་སྐྱེས་འབུལ་བའི་ཆོད་སེམས་བརྟན་པོ་དགོས་པ་གལ་ཆེན་པོ་རེད་འདུག དེ་ཡོང་བ་ལ་ཕྱིའི་ཤེས་ཡོན་གཅིག་པུས་ཡོང་རྒྱུ་མེད་པ་རེད། དང་པོ་སོ་སོ་བོད་རིགས་ཡིན་པ། ལོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པ། དེ་བཞིན་ཁོར་ཡུག་དང་རིག་གཞུང། སོ་སོའི་མི་རིགས་ལ་ཤ་ཞེན་སླེབས་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་ཞེ་དྲག་རེད་འདུག་ཅེས་སོགས་བཀའ་སློབ་ཟབ་རྒྱས་གནང་སོང།

དེ་རྗེས་ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་འབྲེལ། ཚོགས་འདུ་འཚོག་པ་དེ་དོན་དང་ལྡན་པ་ཞིག་དགོས་པ་ལས། སྲོལ་རྒྱུན་གྱི་ཆོ་ག་ཕྱག་ལེན་ཙམ་དུ་མི་འགྲོ་བ་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང། དེ་བཞིན་མི་གཞན་གྱི་སྐྱོན་འཚོལ་བ་གཅིག་པུ་མིན་པར་རང་ངོས་ནས་ཞུ་དག་བཏང་ནས་བགྲོ་གླེང་ལྷུག་པོ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང།

ད་ཐེངས་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་ཐོག་མཐོ་སློབ་ཁག་ཉི་ཤུ་ལྷག་ནས་སློབ་མ་༨༠ ཙམ་ཚོགས་ཞུགས་བྱས་ཡོད་པ་དང། ཉིན་བཞིའི་རིང་ཆབ་སྲིད་དང་རིག་གནས་སོགས་བརྗོད་བྱ་འདྲ་མིན་ཐོག་ལ་བགྲོ་གླེང་བྱེད་རྒྱུ་ཡིན་པ་རེད།།

{jcomments on}