ཇོ་ནང་པའི་དམིགས་བསལ་ཚོགས་ཆེན་ཐེངས་དང་པོ།

བལ་ཡུལ་ཇོ་ནང་དགོན་པའི་དགོན་བདག་ཇོ་ནང་བསྟན་པའི་གསལ་བྱེད་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་མཆོག གཞིས་བཞུགས་ཇོ་ནང་པའི་དགོན་སྡེ་ཁག་སོ་སོ་ནས་ཕེབས་པའི་སྐུ་ཚབ་སོགས་བླ་སྤྲུལ་མཁན་གསུམ་དང་ལས་བྱེད་མི་སྣ། ལྷོ་ཕྱོགས་གདན་ས་ཁག་ནས་ཕེབས་པའི་སྐུ་ཚབ་བཅས་སེར་སྐྱ་ཉིས་བརྒྱ་ལྷག་ཆིབས་བསྒྱུར་བསྐྱངས་ཏེ། ཚོགས་ཆེན་དབུ་འཛུགས་ཀྱི་མཛད་སྒོ་ཞིག་འཚོགས་ཡོད་པ་རེད།

 

jonang_7_1_2011ཚོགས་ཐོག་ཏུ་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་ཚོགས་ཆེན་དེ་ལྟ་བུ་ཞིག་བསྡུ་སྐོང་བྱེད་དགོས་པའི་སྐོར་དོན་ཚན་གསུམ་སྟེ། བཙན་བྱོལ་ནང་ཆོས་བརྒྱུད་གཞན་དག་ལས་རྗེས་ལུས་ཡིན་པ་དེ་ཇོ་ནང་པ་རང་ངོས་ནས་རྡོག་རྩ་གཅིག་སྒྲིལ་གྱིས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཇི་ལྟར་གཏོང་བར་བཀའ་བསྡུར་གནང་ཆེད་དང་། ལྷན་ཚོགས་དེའི་སྒྲིག་གཞི་དང་ལས་འཆར་སོགས་ཀྱི་ནང་མ་འཁོད་པའི་ཚོགས་ཆེན་ཇི་ལྟར་དུས་ནམ་ཞིག་ལ་བསྡུ་སྟངས་སྐོར་ཐག་གཅོད་གནང་ཆེད། གཞན་གཞིས་བྱེས་ཇོ་ནང་པ་ཡོངས་མཐུན་འབྲེལ་དང་རྡོག་རྩ་གཅིག་སྒྲིལ་ཡོང་ཕྱིར་བཅས་ཀྱི་ཆེད་དུ་ཡིན་སྐོར་ངོ་སྤྲོད་གནང་སོང་།

ལྷན་ཚོགས་དེའི་འགན་འཛིན་སིམ་ལ་ཇོ་ནང་མ་དགོན་གྱི་རྡོ་རྗེ་སློབ་དཔོན་མཁན་ཟུར་ཆོས་ཀྱི་སྣང་བ་མཆོག་གིས་ཇོ་ནང་པའི་ཆོས་བརྒྱུད་འདི་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཆོས་ལ་ཉམས་ཉེས་འགྲོ་བཞིན་པའི་གནས་སྟངས་འདི་ལ་དགོངས་ནས་༧གོང་ས་མཆོག་གིས་ཐུགས་བརྩེ་གཟིགས་ཀྱིས་སིམ་ལར་ཇོ་ནང་མ་དགོན་གཞི་རྟེན་དང་བཅས་པ་བསྩལ་གནང་མཛད་ཚུལ་སྐོར་དང་། བཙན་བྱོལ་ནང་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་མེད་པ་དཔལ་ལྡན་རང་གཞུང་གི་སྒྲིག་གཞི་གཏན་འབེབས་བྱེད་སྐབས་ཇོ་ནང་པའི་ཆོས་བརྒྱུད་འཛིན་པའི་གནད་ཡོད་མི་སྣ་བཙན་བྱོལ་དུ་ཕེབས་མེད་པས་ཆོས་བརྒྱུད་གཞན་དག་ལྟར་ཐོབ་ཐང་མ་རག་པ་དང་། དེང་སྐབས་སྒྲིག་གཞི་བསྐྱར་བཅོས་བྱེད་པར་ཡང་དཀའ་ངལ་རབ་དང་རིམ་པ་ཡོད་སྐོར་གཞིས་ནས་གསར་དུ་ཕེབས་པའི་སྐུ་ཚབ་རྣམ་པར་དགོངས་ནས་ལམ་སྟོན་བཀའ་སློབ་བསྩལ་སོང་།
དེ་དང་དུས་མཚུངས་སུ་ལྷན་ཚོགས་དེའི་འགན་འཛིན་མཆོག་སྤྲུལ་བཀྲ་ཤིས་རྒྱལ་མཚན་མཆོག་གིས་དཔལ་རྒྱལ་བ་ཇོ་ནང་པའི་བསྟན་པ་དེ་ཉིད་ཉམས་པ་སླར་གསོ་དང་མ་ཉམས་པ་གོང་འཕེལ་གཏོང་བར་འབད་བརྩོན་བྱེད་དགོས་པ་གཞིས་བྱེས་ཇོ་ནང་པ་ཡོངས་ཀྱི་ཕྲག་ཏུ་བབ་པའི་འོས་འགན་ཡིན་ཚུལ་དང་། དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ཉམས་ལེན་དང་། བཀའ་འཁོར་ལོ་ཐ་མའི་དགོངས་པ་རྩལ་དུ་བཏོན་པའི་དབུ་མ་གཞན་སྟོང་གི་ལྟ་གྲུབ་ཕྱོགས་ན་སྟོང་ཆ་ལྷག་ཡོད་པ་ཇོ་ནང་པ་རང་ངོས་ཀྱི་འཐུས་ཤོར་ཡིན་པས་འབད་འབུང་བྱེད་དགོས་སྐོར། ༧སྤྱི་ནོར་༧གོང་ས་མཆོག་དང་པཎ་ཆེན་སྐུ་གོང་མ་ཆོས་ཀྱི་རྒྱལ་མཚན་རྣམ་པ་གཉིས་ཀྱིས་ཐུགས་བརྩེ་བའི་སྒོ་ནས་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲད་ཀྱི་ཡོད་པ་དང་། ནང་བསྟན་སློབ་གླིང་སོགས་ཀྱིས་ཀྱང་ཆོས་བརྒྱུད་གཞན་དག་ལྟར་གོང་བཀུར་བྱེད་ཀྱི་ཡོད་ལུགས། ཡང་ཁོག་གིས། བཙན་བྱོལ་བོད་གཞུང་གི་ངོས་ནས་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་འཕྲལ་དུ་སྤྲད་མ་ཐུབ་ཀྱང་འཛམ་གླིང་ཡངས་པའི་ཁྱོན་འདིར་ཆོས་བརྒྱུད་ཆེན་མོ་བཞི་ལ་སོགས་པའི་མཚན་གསོལ་སྐབས་སུ་ཆོས་བརྒྱུད་གཞན་དག་བཞིན་དུས་དང་དུས་སུ་གླེང་སྟེ་ཆོས་བརྒྱུད་ཀྱི་ཁོངས་ནས་གཏན་ཕུད་མི་བྱེད་པ་བོད་གཞིས་བྱེས་གཉིས་ཀྱི་ཚབ་བྱས་ནས་རེ་འདུན་དང་འབོད་སྐུལ་ཀྱང་ཞུས་སོང་།

བོད་ནས་གསར་དུ་ཕེབས་པ་དག་གི་སྐུ་ཚབ་མཁན་རིན་ཆེན་རྒྱ་མཚོ་ལགས་ཀྱིས་གཞིས་ལུས་ཇོ་ནང་པའི་གནས་སྟངས་དང་འབྲེལ་ནས་གསུང་བཤད་གནང་བ་དང་། བོད་གཞིས་སུ་ཇོ་ནང་པར་དགོན་སྡེ་དང་གྲྭ་བཙུན་ཅི་ཙམ་ཡོད་པ། དད་ལྡན་ལྷ་སྡེའི་མང་ཉུང་། བསྟན་པར་ཞབས་ཞུ་ཇི་ལྟར་བྱེད་ཀྱི་ཡོད་པ། གཞིས་ལུས་དད་ལྡན་ལྷ་སྡེ་མི་སྡེའི་མངོན་འདོད་སོགས་གསལ་བཤད་བྱས་པ་དང་། ཞོར་དུ་ཁོང་གིས་རང་ཉིད་ཀྱི་སེམས་ཚོར་དང་འབྲེལ་ནས་གསུང་དོན། བལ་ཡུལ་ནས་གསར་དུ་རྒྱ་གར་ལ་ཡོང་སྐབས་རྒྱ་གར་གཞུང་ཚབ་ཁང་དུ་སོང་དུས་རང་ཉིད་ཇོ་ནང་པ་ཡིན་སྐོར་བཤད་ཚེ་བོད་པའི་སྐད་སྒྱུར་བས་ཇོ་ནང་པ་ཆོས་བརྒྱུད་གང་ལ་གཏོགས་ཚུལ་དང་། ཆོས་བརྒྱུད་ཆེན་མོ་བཞིར་མ་གཏོགས་པའི་ཆོས་བརྒྱུད་གཞན་ཞིག་བཙན་བྱོལ་བོད་གཞུང་དུ་མེད་སྐོར་བཤད་པས་བློ་ཕམ་ཆེན་པོ་སྐྱེས་ལུགས་སོགས་ཀྱང་གསུངས་སོང་།
དེ་བཞིན་ལྷན་ཚོགས་དེའི་སློབ་སྟོན་པ་རྒན་དམ་ཆོས་དཔལ་བཟང་ལགས་ཀྱིས། ཕྱིའི་ཁྲ་ཁྲ་ཟང་ཟིང་ལས་ནང་གི་བསླབ་པ་སློབ་གཉེར་སོགས་གལ་ཆེ་ཚུལ་སོགས་དང་འབྲེལ་ཕྱི་ནང་གི་རྐྱེན་གཉིས་ལས་ནང་རྐྱེན་འདི་མེད་པར་བཟོས་ན། རང་ཤུགས་ཀྱིས་ཕྱི་རྐྱེན་འདི་མེད་པར་གྱུར་བ་དང་། མི་འགྱངས་པར་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་རག་ངེས་པ་སོགས་ལམ་སྟོན་དང་སྦྲགས་བཀའ་སློབ་ལམ་སྟོན་གནང་།
ཚོགས་ཆེན་དེའི་སྐུ་མགྲོན་གཙོ་བོ་ཆོས་རིག་དྲུང་ཆེས་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ནས་པར་སྐྲུན་བྱས་པའི་ཇོ་ནང་དཔེ་ཚོགས་དེབ་ཕྲེང་དང་པོ་ནས་དྲུག་པའི་བར་དང་བལ་ཡུལ་ས་གནས་ཇོ་ནང་འགྲོ་ཕན་ལྷན་ཚོགས་ནས་དཔར་སྐྲུན་བྱས་པའི་དེབ་བཅས་དབུ་འབྱེད་གནང་བ་དང་། དེའི་རྗེས་སུ་སྐུ་མགྲོན་གཙོ་བོ་མཆོག་ནས་གསུང་བཤད་གནང་དོན། གོང་ནས་མཁན་སྤྲུལ་དག་གིས་གསུང་བཤད་གནང་སྟངས་ལ་གཞིགས་ན་ཆོས་བརྒྱུད་ཀྱི་ཐོབ་ཐང་མེད་པར་བློ་ཕམ་ཆེ་ཚུལ་གསུངས་པ་དག་ལ་སེམས་ཚོར་ཆེན་པོ་ཡོད། ཁོང་གིས་གསུང་འཕྲིན་དེ་དག་དཔལ་ལྡན་རང་གཞུང་གི་ཆོས་རིག་ལས་ཁུངས་སུ་སྙན་ཞུ་ཕུལ་ངེས་པ་དང་། རང་གཞུང་འདི་ཉིད་མང་གཙོའི་གཞུང་ཞིག་ཡིན་ཕྱིར་སྙན་ཞུ་ཕུལ་བ་ཙམ་གྱིས་འཕྲལ་དུ་ཐོབ་ཐང་སྤྲད་ཐུབ་པ་ཞིག་མིན་ནའང་གང་ནུས་ཀྱིས་འབད་བརྩོན་བྱ་ངེས་ཡིན་སྐོར་བཀའ་སློབ་གནང་བ་དང་། མཇུག་ཏུ་ལྷོ་ཕྱོགས་ས་གནས་ཀྱི་སྐུ་ཚབ་དགེ་ཀུན་དགའ་འཚམས་ཆུང་ལགས་ཀྱིས་མཇུག་གི་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ་མཛད་སྒོ་རྒྱལ་ཁའི་ངང་ཡོངས་སུ་མཇུག་བསྡུས་སོང་།
ཉིན་དེའི་དགོང་མོ་དུས་ཚོད་ལྔ་བའི་སྟེང་ཚོགས་ཆེན་དངོས་སུ་འགོ་འཛུགས་གནང་སྟེ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་ལས་བསྡོམས་གསལ་བཤད་དང་འབྲེལ་སྒྲོགས་སྦྱང་གནང་སྟེ་དྲི་བ་དྲིས་ལན་དང་ཚོགས་མི་རྣམ་པས་དགོངས་ཚུལ་ཕུལ་བ་སོགས་བྱས། དེ་བཞིན་ལྷན་ཚོགས་ཀྱི་ལོ་གཅིག་གི་རྩིས་ཁྲར་ཞིབ་བཤེར་གནང་། དུས་མཚུངས་སུ་སིམ་ལ་ཇོ་ནང་མ་དགོན་གྱིས་ཕུལ་བའི་གྲོས་གཞི་དོན་ཚན་ལྔ་ལ་བཀའ་བསྡུར་བྱས་རྗེས་ཚོགས་འདུ་གྲོལ། ཚེས་བརྒྱད་དང་དགུ་ལའང་དེ་བཞིན་སྒྲིག་གཞི་བསྐྱར་བཅོས་དང་། དྷ་ས་ས་གནས་ཀྱི་གྲོས་གཞི་ཁག་དང་། ལྷོ་ཕྱོགས་ས་གནས་ཀྱི་གྲོས་གཞི་ཁག དེ་བཞིན་བལ་ཡུལ་ས་གནས་ཀྱི་གྲོས་གཞི་བཅས་ལ་བཀའ་བསྡུར་དང་། ལྷན་ཚོགས་ཀྱི་ངོས་ནས་འཆར་ལོའི་ནང་ལས་གཞི་གང་ཞིག་འགྲོ་དགོས་པ། ཇི་ལྟར་བོད་བསྟན་པ་ཆབ་སྲིད་ལ་ཕན་པའི་སྲི་ཞུ་བྱེད་ཕྱོགས་སྐོར་ཉིན་གསུམ་གྱི་རིང་བཀའ་བསྡུར་བྱས་རྗེས་ཚོགས་འདུ་རྒྱལ་ཁའི་ངང་མཇུག་བསྡུ་རྒྱུ་ཡིན་འདུག།།