རྒྱལ་སྤྱིའི་བསྟན་འགྱུར་ཕབ་བསྒྱུར་གྱི་ཚོགས་ཆེན།
དེ་ཡང་ཟླ་འདིའི་ཚེས་༨ ཉིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ཨ་རིའི་ནང་པའི་སློབ་གཉེར་གཉིས་ཟུང་འབྲེལ་གྱིས་“ནཱ་ལེནྡྲའི་པན་གྲུབ་བཅུ་བདུན་གྱི་སྲོལ་རྒྱུན་དང་འབྲེལ་བའི་བསྟན་འགྱུར་གྱི་ཆོས་ཚན་ཕབ་བསྒྱུར་”ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་དབུ་འབྱེད་མཛད་སྒོའི་ཐོག དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་རི་རྫོང་སྲས་རིན་པོ་ཆེ་མཆོག་གཙོས། གླིང་རིན་པོ་ཆེ་དང༌། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ། ཨ་རི་ནང་པའི་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་རོ་བྷོལ་ཨེཧྤེ་ཐོ་མག་སོགས་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཁས་དབང་ ༧༠ ལྷག་ཙམ་མཛད་སྒོའི་ཐོག་ཕེབས་འདུག རྒྱལ་སྤྱིའི་བསྟན་འགྱུར་ཕབ་བསྒྱུར་ཚོགས་ཆེན་དེ་ཉིན་བཞིའི་རིང་འཚོག་རྒྱུ་ཡིན་པ་དང༌། ཉིན་གསུམ་གྱི་རིང་མཁས་དབང་རྣམས་ཚོགས་ཆུང་ཁག་ཁ་ཤས་སུ་བགོས་ནས་བགྲོ་གླེང་དང༌། ཉིན་མཐའ་མར་མཇུག་བསྡོམས་མཛད་སྒོའི་ཐོག་༧གོང་ས་མཆོག་དངོས་སུ་ཞབས་སོར་བཀའ་དྲིན་བསྐྱང་སྐབས་ཉིན་གསུམ་གྱི་བགྲོ་གླེང་གྲུབ་དོན་སྙན་སེང་དང༌། སླད་ཕྱིན་ལས་ཀ་བྱ་ཕྱོགས་གང་འདྲ་དགོས་མིན་སོགས་ཀྱི་སྐོར་ལ་བཀའ་སློབ་ལམ་སྟོན་ཞུ་རྒྱུ་ཡིན་པ་རེད་འདུག
དང་ཐོག་ཝཱ་ཎ་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་དང་སྦྲགས། ཁོང་གིས། “བགྲོ་གླེང་འདི་བཞིན་ལོ་མང་ནས་མཁས་དབང་མང་པོའི་བརྩམས་ཆོས་དང༌། ཉེ་བའི་ཆར་ཨ་རིའི་གྲོང་ཁྱེར་བོལ་ཌར་དང་རྒྱ་གར་སྦིར་བཅས་སུ་ཚོགས་པའི་བགྲོ་གླེང་ཚོགས་འདུ་དང༌། དེ་བཞིན་རྫོང་གསར་མཁྱེན་བརྩེ་ཚོགས་པའི་རྒྱ་ཆེའི་མཛད་རྗེས་བཅས་ལ་བརྟེན་པ་ཞིག་ཡིན། བགྲོ་གླེང་ཚོགས་འདུ་དེ་དག་སྐབས་བརྗོད་གཞིའི་དོན་གནད་མང་པོ་ཞིག་གསར་འདོན་བྱུང་བ་ཁག་གི་ཐོག་ད་རེས་ཀྱི་བགྲོ་གླེང་ཚོགས་འདུ་འདིའི་ནང་བོད་སྐད་དུ་བཞུགས་པའི་བསྟན་འགྱུར་འདི་བཞིན་དབྱིན་སྐད་ཙམ་མ་ཡིན་པར་ལེགས་སྦྱར༌། ཧིན་དྷི། དེ་བཞིན་ཧྤ་རན་སིའི་སྐད་དང་འཇར་མན་གྱི་སྐད་ལ་སོགས་སྐད་རིགས་གཞན་དུ་ཕབ་བསྒྱུར་བྱ་ཕྱོགས་སྐོར་དམིགས་བསལ་གྱིས་བགྲོ་གླེང་བྱ་རྒྱུ་ཡིན་ཞེས་”རྒྱལ་སྤྱིའི་བསྟན་འགྱུར་གྱི་ཆོས་ཚན་ཕབ་འགྱུར་གྱི་ཚོགས་ཆེན་བསྐོང་ཚོགས་གནང་དགོས་པའི་དམིགས་ཡུལ་དང་གལ་གནད་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད་པ་རེད།
དེ་རྗེས་ལེགས་སྦྱར་མཁས་དབང་ཏི་རི་པ་ཏྲི་མཆོག་དང། ཨ་རི་ནང་པའི་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་རོ་བྷོལ་ཨེཧྤེ་ཐོ་མག་གཉིས་ཀྱིས་རིམ་པ་ལེགས་སྦྱར་དང་དབྱིན་སྐད་ཐོག་བསྟན་འགྱུར་ཕབ་བསྒྱུར་གྱི་གལ་གནད་སྐོར་ལ་གསུང་དོན། བོད་དུ་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེ་གཏིང་ཟབ་དར་བའི་རྒྱུ་མཚན་ནི་ཆོས་རྒྱལ་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་བོད་དུ་གདན་དྲངས་ཏེ་བཀའ་དང་བསྟན་བཅོས་རྣམས་རྒྱ་གར་གྱི་སྐད་ནས་བོད་སྐད་དུ་ཕབ་བསྒྱུར་གནང་བ་རྣམས་གནས་ཚད་ལྡན་པ་བྱུང་བ་དང་སྦྲགས། དཔལ་ནཱ་ལེནྡྲ་གཙོ་བོར་གྱུར་པའི་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་རྣམས་ཀྱི་སྲོལ་རྒྱུན་ཉམས་པ་མེད་པ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་བཤད་སྒྲུབ་ཀྱི་རླབས་ཆེའི་མཛད་འཕྲིན་གྱིས་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་བའི་ཆ་ལ་གངས་ཅན་བོད་ཀྱི་ལྗོངས་འདི་ཉིད་རྒྱ་གར་གཉིས་པ་ལྟ་བུ་ཞིག་ཏུ་གྱུར། ཁྱད་ཆོས་དེ་དག་ལ་བརྟེན་ནས་དེང་གི་ཆར་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ཞེས་འཛམ་གླིང་ཀུན་ལ་ཡོངས་སུ་གྲགས་ཤིང་སྐྱེ་བོ་རྣམ་དཔྱོད་དང་ལྡན་པ་དུ་མས་བོད་ཀྱི་སྲོལ་རྒྱུན་འདི་ཉིད་སྐྱེ་འགྲོའི་བདེ་སྐྱིད་ལ་སྨན་པའི་ཆ་རྐྱེན་ཞིག་ཏུ་བལྟ་བཞིན་ཡོད་པའི་སྐོར་གསུངས་སོང་།
དེ་ནས་འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆོག་མཆོག་གིས་ནང་པ་སངས་རྒྱས་པའི་ཆོས་དེ་གལ་གནད་ཆེན་པོ་ཡིན་པ་དང༌། རྒྱ་གར་ནས་རྒྱ་ནག་དང་བོད་ནང་དར་སྤེལ་གཏོང་སྐབས་ལོ་ཙཱ་བ་རྣམས་ཀྱིས་སྐུ་ངལ་ག་ཚོད་བསྐྱོན་མིན་དང༌། དེང་སང་ཕྱི་རྒྱལ་ཡུལ་གྲུ་མང་པོའི་སྐད་ཡིག་ཐོག་ནང་ཆོས་ཀྱི་གཞུང་རྣམས་ཕབ་བསྒྱུར་བྱ་བཞིན་ཡོད་པ་དེ་ཚོ་སྤུས་དག་པོ་དགོས་པའི་སྐོར་གསུང་དོན། དབྱིན་ཇིའི་སྐད་ཡིག་དང་བོད་ཀྱི་སྐད་ཡིག་གཉིས་མཐར་ཕྱིན་མཁན་ཞིག་གིས་བསྟན་འགྱུར་དེ་ཚོ་ཕབ་བསྒྱུར་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང༌། སྔོན་ནཱ་ལེནྡྲའི་མཁས་པ་དེ་ཚོའི་བསྟན་བཅོས་བརྩམས་ཟིན་རྗེས་མཁས་པ་མང་པོའི་དབུས་སུ་བགྲོ་གླེང་བྱས་ནས་ཚིག་ལ་ནོར་འཁྲུལ་འདུག་ན་བསྒྱུར་བཅོས་དང༌། དོན་དག་ལ་ནོར་འཁྲུལ་འདུག་ན་བསྟན་བཅོས་ཀྱི་གྲས་སུ་བརྩི་ཡི་མེད་པ་རེད། དེང་སང་ནང་ཆོས་དབྱིན་སྐད་ནང་ཕབ་བསྒྱུར་མང་པོ་བྱ་བཞིན་ཡོད་པས། དེ་ཚོའི་ནང་ལ་བོད་སྐད་ཀྱི་བརྡའི་དགོང་དོན་ཇི་བཞིན་དབྱིན་སྐད་ནང་ཕབ་བསྒྱུར་མ་ཐུབ་པ་ཇི་སྙེད་ཅིག་ཐོན་གྱི་ཡོད་པ་རེད་འདུག དཔེར་ན། མཚན་གཞི་དང་དཔེ་གཉིས་དོན་དག་གཅིག་ཡིན་པ་དབྱིན་སྐད་ནང་ཕབ་བསྒྱུར་བྱ་བཞིན་ཡོད་པ་ལྟ་བུ་རེད་ཅེས་གསུངས་སོང༌།
དེ་ནས་ཝཱ་ཎ་མཐོ་སློབ་ཀྱི་རིགས་དྲུང་མཆོག་གིས་མཇུག་བསྡོམས་གསུང་བཤད་སྦྲགས་མཛད་སྒོ་རྒྱལ་ཁའི་ངང་ནས་གྲོལ་སོང༌། །
ཝར་ཎ་ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས།
{jcomments on}