འོས་འཕེན་གྱི་ལམ་ནས་རང་བཙན་གྱི་བདག་དབང་འཚོལ་བ།

sudan-referendum-ཟླ་འདིའི་ཚེས་༡༠ ཉིན་བྷི་བྷི་སིའི་དྲ་ལམ་སྟེང་གནས་ཚུལ་སྤེལ་བ་ལྟར་ན། སུ་ཌན་ནི་ཨ་ཧྤི་རི་ཁའི་གླིང་ཆེན་ནང་གི་རྒྱལ་ཁབ་ཆེ་ཤོས་ཡིན་པ་དང་། ལོ་ཉི་ཤུ་ལྷག་ཙམ་གྱི་རིང་ལ་ལུང་པ་དེའི་ལྷོ་བྱང་གཉིས་དབར་ནང་འཁྲུག་བྱུང་ནས་མི་ས་ཡ་མང་པོ་རྐྱེན་ལམ་དུ་སོང་ཡོད་ཅིང། ༢༠༠༥ ལོར་གྲོས་མོལ་གྱི་ཐོག་ནས་འགྲིག་འཇགས་བྱུང་སྟེ་རྒྱལ་ཁབ་ཆིལ་སྒྲིལ་བྱུང་ཡོད་པ་དང། དེ་བཞིན་གྲོས་མོལ་གྱི་སྐབས་མི་མང་ལ་འདོད་པ་ཡོད་ཚེ་རང་དབང་གི་འོས་འཕེན་གྱི་ཐོག་ནས། ལྷོ་བྱང་གཉིས་ཀར་རང་བཙན་བདག་དབང་གི་ཐོབ་ཐང་ཡོད་ཅེས་བཀོད་ཡོད་པ་དང། ཉེ་དུས་ལྷོ་མཐའི་ཁུལ་གྱི་མི་མང་རྣམས་གཙོ་བོར་བྱས་ཏེ་རང་བཙན་བདག་དབང་གི་ཐོབ་ཐང་དགོས་འདུན་བཏོན་པ་དང། དེ་ནས་རིམ་གྱིས་ལྷོ་བྱང་གཉིས་ཀའི་ཕྱོགས་ནས་འོས་འཕེན་གྱི་ལམ་ནས། རྒྱལ་ཁབ་ཆིག་སྒྲིལ་བྱས་ནས་སྡོད་ཀྱི་ཡིན་ནམ། ལྷོ་བྱང་གཉིས་ཁ་གྱེས་ནས་རང་བཙན་བདག་དབང་གི་ཐོག་ནས་གནས་ཀྱི་ཡིན་ཞེས། གཟའ་འཁོར་གཅིག་གི་རིང་ལ་མི་མང་གིས་འོས་ཤོག་འཕེན་གྱི་ཡོད་པ་རེད།

ཨ་རི་གཙོ་བོར་གྱུར་པའི་རྒྱལ་ཁབ་མང་པོས་སུ་ཌན་ལྷོ་བྱང་གཉིས་ཀྱི་འོས་འཕེན་ལ་སེམས་ཁུར་བྱེད་ཀྱི་ཡོད་པ་དང། གལ་ཆེ་ཤོས་ཡུལ་དེའི་དཔོན་རིགས་དང་ཁྱབ་སྲིད་མི་སྣ་ཚོས། སྔོན་དུས་ཀྱི་ནང་འཁྲུག་ལས་ཉམས་མྱོང་བླངས་ཏེ། མི་མང་གི་ཁྲོད་ནས་ནང་འཁྲུག་མི་ཡོང་བར་འགན་ལེན་བྱེད་དགོས་པའི་སྐོར་སྐུལ་མ་བཏང་ཡོད་པ་རེད། མི་མང་གི་ཕྱོགས་ནས་ཞི་བའི་ཐོག་ནས་རང་རང་གི་འདོད་པ་གང་ཡོད་པ་དེ་བསྒྲུབ་དགོས་པའི་ལས་འགུལ་སྣ་ཚོགས་སྤེལ་བཞིན་ཡོད་པ་དང། སུ་ཌན་སྲིད་འཛིན་ཨོ་མར་བྷ་ཤིར་གྱིས། འོས་འཕེན་ལ་གྲུབ་འབྲས་གང་ཞིག་ཐོན་རུང་གཞུང་གིས་ལག་བསྟར་དང་བརྩི་བཀུར་བྱེད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་དང་མཉམ་དུ། སུ་ཌན་ལྷོ་ཁུལ་གྱི་མི་མང་ལ་འོས་འཕེན་སྐབས་གཟབ་ནན་བྱེད་དགོས་པའི་ཉེན་བརྡ་བཏང་ཡོད་པ་རེད།

ལྷོ་ཕྱོགས་ཁུལ་གྱི་འོས་འཕེན་པ་ཚོའི་ལག་ཏུ་འོས་ཤོག་རྟགས་མི་འདྲ་བ་གཉིས་ཡོད་པ་དང། གཅིག་གི་ནང་རང་བཙན་གྱི་བདག་དབང་དགོས་ཞེས་འཁོད་ཡོད་ཅིང། ཕྱོགས་གཞན་ཞིག་གི་ནང་རྒྱལ་ཁབ་གཅིག་བྱས་ནས་མུ་མཐུད་གནས་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད། ལྷོ་ཕྱོགས་ཁུལ་གྱི་འོས་འཕེན་ཉིན་དང་པོ་དེར་གནས་ཚུལ་འདྲ་མིན་བྱུང་ནས་འོས་བླུགས་ཐུབ་མེད་པ་དང། ད་ལྟའི་སྐབས་གཟའ་འཁོར་གཅིག་ཙམ་རིང་ལ་འོས་འཕེན་གྱི་ལས་གཞི་འགྲོ་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།

{jcomments on}