བལ་ཡུལ་ཡུལ་སྐོར་ལོ་༢༠༡༡

༢༠༡༡ བལ་ཡུལ་ཡུལ་སྐོར་ལོ་ཞེས་པ་ཉེ་བའི་ལོ་ངོ་གཅིག་ལྷག་གི་གོང་བལ་ཡུལ་རྒྱལ་ནང་གི་ཡུལ་སྐོར་ཁེ་ལས་ཚན་པ་ཁག་གི་གཙོས་འབྲེལ་ཡོད་ཚན་པ་ཚོ་མཉམ་འབྲེལ་གྱིས་གཞུང་འབྲེལ་ཐོག་གཏན་འབེབས་ཁྱབ་བསྒྲགས་བྱས་པ་དང། ད་བར་གྱི་དུས་ཡུན་རིང་པོར་གང་ཐུབ་ཀྱིས་གྲ་སྒྲིག་བྱས་ཡོད་པ་རེད། ཟླ་འདིའི་ཚེས་༡ ཉིན་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བལ་ཡུལ་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་ལ་འབྱོར་མཁན་ཡུལ་སྐོར་བ་ཚོ་སྣེ་ལེན་ཟབ་རྒྱས་བྱེད་ཞོར་མི་གྲངས་བཅུ་ཕྲག་ཁ་ཤས་ལ་མགྲོན་ཁང་དང་ཞལ་ལག་སོགས་རིན་མེད་བྱས་ཡོད་པ་རེད།

འཛམ་གླིང་གི་ས་ཕྱོགས་འདྲ་མིན་ནས་ཡུལ་སྐོར་བ་མི་གྲངས་ས་ཡ་གཅིག་ལྷག་སྣེ་ལེན་བྱེད་མཆར་ཡོད་པའི་༢༠༡༡ བལ་ཡུལ་ཡུལ་སྐོར་ལོ་ཞེས་བའི་གཞུང་འབྲེལ་མཛད་སྒོ་དངོས་གཞི་དེ་ཟླ་འདིའི་ཚེས་༡༤ ཉིན་རྒྱལ་སའི་རྩེད་ཐང་ཆེན་མོར་སྤེལ་རྒྱུ་ཡིན་པ་དང་། མཛད་སྒོའི་ཐོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཡུལ་སྐོར་སྡེ་ཚན་གྱི་དྲུང་ཆེ་ Taleb Rifai མཆོག་གིས་གཙོས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ ༢༤ ལྷག་གི་ཡུལ་སྐོར་བློན་ཆེན་དང་མཐོ་རིམ་མི་སྣ་ཚོ་གདན་ཞུ་ཞུས་པ་ལྟར་ཕེབས་རྒྱུ་ཡིན་པ་གཙོས་ཕྱི་ནང་གི་མི་གྲངས་ཁྲི་གསུམ་ཙམ་མཉམ་ཞུགས་བྱེད་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་པ་རེད། ད་དུང་ཉིན་དེར་བལ་ཡུལ་རྒྱལ་ཁོངས་གི་རྫོང་སྡེ་ཁག་ལ་གཞུང་འབྲེལ་གུང་སེང་བཏང་ནས་ས་གནས་སོ་སོར་མཛད་སྒོ་སྲུང་བརྩི་བྱེད་རྒྱུ་ཡིན་འདུག
བལ་ཡུལ་ཡུལ་སྐོར་ལས་ཁུངས་ཀྱི་ཡིག་ཆ་ལྟར་ན་འདས་བའི་ཕྱི་ལོ་༢༠༠༩ ནང་བལ་ཡུལ་རྒྱལ་ནང་དུ་བསྡོམས་པས་ཡུལ་སྐོར་བ་མི་གྲངས་འབུམ་ལྔ་ལྷག་དང་། ༢༠༡༠ ནང་ཡུལ་སྐོར་བ་མི་གྲངས་འབུམ་བདུན་ལྷག་འབྱོར་ཡོད་པ་དང་། ༢༠༡༡ ལོ་འདིའི་ནང་འཛམ་གླིང་གི་ས་ཕྱོགས་འདྲ་མིན་ནས་ཡུལ་སྐོར་བ་མི་གྲངས་ས་ཡ་གཅིག་ལྷག་སྣེ་ལེན་བྱེད་མཆར་ཡོད་པ་རེད།

སྤྱིར་བལ་ཡུལ་རྒྱལ་ཁབ་ནི་ཕྱི་རྒྱལ་བས་ཡུལ་སྐོར་བྱེད་སའི་ཨེ་ཤ་ཡའི་ནང་གི་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པ་དང་། དེང་སང་བལ་ཡུལ་རྒྱལ་ནང་དུ་སྐར་མ་ལྔ་ལྡན་གྱི་རྒྱལ་སྤྱིའི་ཚད་ལྡན་མགྲོན་ཁང་ལྔ་དང་། སྐར་མ་བཞི་ཅན་གཉིས། གསུམ་ཅན་ཉེར་བཞི། གཉིས་ཅན་བཞི་ཅུ་ཞེར་ལྔ། གཅིག་ཅན་སུམ་ཅུ་སོ་དྲུག སྤྱིར་བཏང་ཚད་ལྡན་མགྲོན་ཁང་ ༣༥༨ བཅས་ཡོད་པ་རེད་འདུག།།

བལ་ཡུལ་ས་གནས་གསར་འགོད་པས།

{jcomments on}