ཡུ་སྒོར་འབུམ་ལྔ་ལྷག་གིས་བོད་མིར་རོགས་སྐྱོར།
ཉིན་གུང་ལྷ་རྗེ་ར་ཝེ་ལགས་དང་བདེ་སླར་ས་གནས་འགོ་འཛིན། ས་གནས་མཉམ་འབྲེལ་གྱི་མི་སྣ་ཁག་ཅིག་བཅས་ལྷན་དུ་གསོལ་ཚིག་སྐབས་དང་བསྟུན་ནས་གནས་ཚུལ་རྒྱུས་ལོན་ཆེད་བཅར་འདྲི་བྱེད་དུ་ཕྱིན་པར། ར་ཝེ་ལགས་ཀྱིས་དགའ་སྤྲོ་དང་བཅས་བཅར་འདྲི་དང་ལེན་བྱས་སོང་། མོའི་རྒྱལ་ཁོངས་ཨི་ཊ་ལེ་ནས་ཡིན་ཞིང་། ད་ལོ་རང་ལོ་༤༥ ཟིན་པ་དང་། དམིགས་བསལ་བུད་མེད་ཀྱི་ནད་རིགས་ཐོག་ནས་སྨན་པའི་སློབ་སྦྱོང་ཐོན་པའི་ལྷ་རྗེ་ཞིག་རེད་འདུག་ལ། ནམ་རྒྱུན་ནས་གཞན་ལ་རོགས་སྐྱོར་བྱེད་རྒྱུར་དགའ་པོ་ཡོད་པ་ཞིག་ཡིན་འདུག ཁོང་གིས་ཐོག་མར་བོད་མི་དང་འབྲེལ་བ་བྱུང་བའི་སྐོར་བརྗོད་དོན། “དང་ཐོག་ང་གྲོགས་མོ་དྷེ་ཝེ་ལགས་དང་མཉམ་དུ་རྒྱ་གར་དུ་འབྱོར་ནས་བོད་མི་སྐྱབས་བཅོལ་བའི་གནས་ཚུལ་ཤེས་རྟོགས་བྱུང་། བོད་མི་ཚོར་དཀའ་ངལ་མང་པོ་ཡོད་པ་དང་། སེམས་འགུལ་ཐེབས་པའི་གནས་ཚུལ་མང་པོ་ཤེས་བྱུང་། དེར་བརྟེན་ངས་ཐོག་མར་བོད་ཀྱི་བུ་མོ་ཞིག་ལ་སྦྱིན་བདག་བྱས་པ་ནས་བོད་མིར་རོགས་པ་བྱེད་རྒྱུ་འགོ་བཙུགས་པ་ཡིན། ལྷག་པར་ང་རང་བུད་མེད་ཀྱི་ནད་རིགས་ཐོག་ཆེད་སྦྱོང་སྨན་པ་ཞིག་ཡིན་པར་བརྟེན། རྗེས་སུ་ངས་སྦེལ་ཀོབ་འཚོ་བྱེད་སྨན་ཁང་དུ་ཕྲུག་གུ་སྐྱེ་སའི་སྨན་ཁང་གི་ལས་གཞིའི་ཐོག་ལ་རོགས་པ་བྱེད་རྒྱུ་བྱུང་ལ། དེ་མིན་བོད་མི་རྒན་འཁོགས་དང་ནད་པའི་རིགས་ཁག་ཅིག་ལ་རོགས་པ་བྱས་པ་ཡིན། དེ་ནས་༢༠༠༧ ལོར་ང་རང་སྒེར་ངོས་ནས་ཚོགས་པ་ཞིག་བཙུགས་ནས་ད་ལྟ་ཚོགས་པ་དེའི་མིང་ཐོག་ནས་རོགས་སྐྱོར་བྱེད་ཀྱི་ཡོད། ངས་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་ཀྱི་ཡོད་ལ། དེ་བཞིན་༧གོང་ས་མཆོག་གི་བཀའ་སློབ་མང་པོ་ཉན་རྒྱུ་བྱུང་། གནས་ཚུལ་འདི་དག་གིས་ང་ལ་བོད་མིར་རོགས་པ་བྱེད་རྒྱུར་ཤུགས་རྐྱེན་ཐེབས་ཡོད་པ་རེད་”ཅེས་བརྗོད་བྱུང་།
མོས་མུ་མཐུད་དུ་བོད་མི་ཚོར་རོགས་པ་བྱེད་སྐབས་ཀྱི་ཚོར་སྣང་སྐོར་བརྗོད་དོན། “ངས་བོད་མི་ཚོར་རོགས་དངུལ་སྤྲོད་སྐབས་ཁོང་ཚོ་དགའ་བོ་བྱུང་བ་ཚོར་གྱི་འདུག མ་ཚད་ཁོང་ཚོས་ཐུགས་རྗེ་ཆེ་ཞུ་ཡི་འདུག ངས་ཁོང་ཚོར་ཕན་ཐོགས་ཀྱི་ཡོད་པ་ཤེས་ཀྱི་འདུག འདི་ནི་ངའི་རོགས་པ་བྱས་པའི་འབྲས་བུ་རེད་ལ། རོགས་པ་བྱས་པས་གཞན་ལ་ཕན་གྱི་ཡོད་ན་དེ་ནི་ངས་གཞན་ལ་རོགས་པ་བྱས་པའི་དམིགས་ཡུལ་ཡང་རེད། ང་རང་ཡང་དགའ་སྤྲོ་སྐྱེ་ཡི་འདུག ”ཅེས་དང་། ཁོང་མོས་མུ་མཐུད་དུ་ཁོང་མོའི་རོགས་རམས་ཀྱི་བརྒྱུད་རིམ་ནང་ཁོང་མོའི་ཨ་མ་ལགས་ཡོད་ལ། ཨ་མ་ལགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་ཅེས་བརྗོད་སོང།
ད་ལྟའི་བར་བོད་མིར་རོགས་སྐྱོར་ཆེད་དངུལ་འབོར་ག་ཚོད་སོང་ཡོད་མེད་སྐོར་དྲིས་སྐབས། ཁོང་མོས་“གསལ་པོ་ཞིབ་ཕྲ་བྱས་ནས་བཤད་ཤེས་ཀྱི་མི་འདུག་མོད། རོབ་རྩིས་བྱས་པ་ཡིན་ན། ཡུ་སྒོར་འབུམ་ལྔ་ལྷག་སོང་ཡོད་པ་རེད་ལ། མ་འོངས་པར་ཡང་རང་ནུས་གང་ཡོད་ཀྱིས་བོད་མིར་རོགས་པ་བྱེད་ཀྱི་ཡིན་”ཞེས་འགྲེལ་བརྗོད་གནང་སོང་།
རྒྱུས་ལོན་བྱུང་བ་ལྟར་ན་ཁོང་མོས་རྒྱ་གར་ནང་བོད་མིའི་ཞིགས་ཆགས་ཀོ་ལི་གྷལ་དང་། ཧོང་སུར། ལུགས་བསམ། བདེ་སླར། ཨོ་རི་ས་སོགས་ཀྱི་ཉམས་ཐག་དང་རྒན་འཁོགས། སློབ་ཕྲུག་སོགས་ལ་རོགས་སྐྱོར་བྱེད་བཞིན་ཡོད་པ་དང་། ད་དུང་མེའོ་ཆོས་འཕེལ་གླིང་སོགས་སུ་ཡང་བསྐྱོད་འདོད་བྱེད་ཀྱི་འདུག ཁོང་མོས་བོད་མིར་རོགས་དངུལ་མཁོ་སྤྲོད་དང་། ལས་གཞི་གསར་སྐྲུན་ལ་མཐུན་རྐྱེན་སྦྱར་བ་དང་། རྒྱབ་སྐྱོར་གང་བྱེད་བཞིན་པ་དེ་དག་ནི་བཙན་བྱོལ་བོད་མིའི་ཡིད་ཆེས་དགེ་རྩ་བརྒྱུད་ནས་བྱེད་བཞིན་ཡོད་པ་རེད་འདུག་ལ། སྐྱབས་བཅོལ་བོད་མའི་ཡིད་ཆེས་དགེ་རྩ་ནི་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་གྲོས་ཆོད་དགོངས་དོན་ལྟར་ལུགས་བསམ་དང་བདེ་སླར། ཀོ་ལི་གྷལ། བྷན་དྡ་ར་སོགས་ཀྱི་མཉམ་འབྲེལ་ཁག་ལྔའི་མིང་ཐོག་ནས་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཏེ། ལུགས་བསམ་མཉམ་འབྲེལ་ལས་ཁང་གི་མིང་ཐོག་ནས་ལོ་གཉིས་ཀྱི་སྔོན་ལ་ཚོགས་པ་གསར་འཛུགས་བྱས་ཡོད་པ་དང་། ཚོགས་པ་དེ་བརྒྱུད་ད་ལྟ་ཉམས་ཐག་དང་། སློབ་ཕྲུག རྒན་གཅོང་ནད་པ་སོགས་མི་གྲངས་སུམ་བརྒྱ་ལྷག་ལ་རོགས་སྐྱོར་ཐོབ་བཞིན་པ་དང་། གཞན་ཕྱི་ལོགས་ནས་རོགས་དངུལ་གང་བྱུང་བ་ལ་རྒྱ་གར་གཞུང་གི་དངུལ་ཁྲལ་ཆགས་ཡང་ཡོད་འདུག བོད་མའི་སྤྱི་ཚོགས་ནང་ནས་དགོས་ངེས་ཀྱི་མི་སེར་ནད་གཅོང་གི་རིགས་དང་། རྒན་འཁོགས། འབྱོར་མེད། སློབ་ཕྲུག་སོགས་མི་སེར་དཀའ་ངལ་ཅན་དག་ལ་རོགས་རམ་གང་ཐུབ་བྱེད་བཞིན་ཡོད་པ་རེད་འདུག།།
མེ་སོར་གསར་འགོད་པས།
{jcomments on}