ཨ་རིའི་བདེ་སྲུང་དྲུང་ཆེས་རྒྱ་ནག་ཏུ་སྐོར་བསྐྱོད།

ཟླ་འདིའི་ཚེས་༡༡ ཉིན་རཱི་ཊར་གསར་འགོད་པས་པེ་ཅིང་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡༠ ནས་བཟུང་ཉིན་གྲངས་འགའི་རིང་། ཨ་རིའི་བདེ་སྲུང་དྲུང་ཆེ་རོ་བྷར་གྷེ་ཊི་རྒྱ་ནག་ཏུ་སྐོར་བསྐྱོད་ལ་འབྱོར་ཡོད་པ་དང། དེ་ཡང་གཙོ་བོ་ཨ་རྒྱ་གཉིས་ཀྱི་དམག་དོན་འབྲེལ་ལམ་དམ་དུ་གཏོང་ཆེད་དང་། དམིགས་སུ་བཀར་ནས་ཟླ་འདིའི་ཚེས་༡༩ ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཨ་རིའི་ནང་སྐོར་བསྐྱོད་ཀྱིས། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ཐུག་འཕྲད་བྱེད་གཏན་ཁེལ་ཡོད་པས། རྒྱལ་ཁབ་ཕྱོགས་ཀས་བྱང་ཀོ་རི་ཡའི་གནད་དོན་དང། ཨི་རན་གྱི་རྡུལ་ཕྲན་བཟོ་སྐྲུན་སོགས་ལ་དཔྱད་གླེང་སྟ་གོན་གྱི་ཆེད་དུ་འབྱོར་གྱི་ཡོད་པ་རེད།

དེ་བཞིན་ཨ་རིའི་ཕྱོགས་ནས་ཐེ་ཝན་ལ་བདེ་སྲུང་གི་དམག་གྲུ་དང་གོ་མཚོན་ཕོན་ཆེན་བཙོང་ཡོད་པ་དང།  སྲིད་འཛིན་ཨོ་བྷ་མས་༧གོང་ས་མཆོག་དང་མཇལ་འཕྲད་ཞུས་པ། ཉེ་དུས་ལྷོ་ཀོ་རི་ཡ་དང་ཨ་རི་གཉིས་ཟུང་འབྲེལ་གྱིས་དམག་སྦྱོང་བྱས་ཏེ། བྱང་ཀོ་རི་ཡ་དང་རྒྱལ་ཁབ་འདི་ལ་རྒྱབ་སྐྱོར་བྱེད་མཁན་རྒྱ་ནག་བཅས་ལ་འཇིགས་སྐུལ་བྱས་ཡོད་པས། ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་སོང་སྟེ་རྒྱ་ནག་གཞུང་ཕྱོགས་ནས་ཨ་རིར་དངོས་ཤུགས་བརྒྱུད་གསུམ་ནས་ངོ་རྒོལ་བྱེད་ཀྱི་ཡོད་པས། ད་ཐེངས་ཨ་རིའི་བདེ་སྲུང་དྲུང་ཆེ་མཆོག་གིས་ཕྱོགས་གཉིས་ཀྱི་དོགགས་པ་རྣམ་རྟོག་རྣམས་གཙང་སེལ་འགྲོ་ཆེད་དུ་རྒྱ་ནག་ཏུ་སྐོར་བསྐྱོད་ལ་འབྱོར་ཡོད་འདུག

ཨ་རིའི་བདེ་སྲུང་དྲུང་ཆེ་རོ་བྷར་གྷེ་ཊི་དང་རྒྱ་ནག་གི་བདེ་སྲུང་བློན་ཆེན་ལེང་ཀུང་ལི་གཉིས་ཀྱི་གྲོས་མོལ་གྲུབ་པའི་རྗེས། གསར་འགོད་གསལ་བསྒྲགས་ཤིག་བསྐོངས་པའི་སྐབས། ཨ་རིའི་བདེ་སྲུང་དྲུང་ཆེ་རོ་བྷར་གྷེ་ཊི་ཡིས། “ཨ་རྒྱ་ཕྱོགས་གཉིས་དབར་གྲོས་མཐུན་བརྒྱུད་ནས་ནོར་འཁྲུལ་ཅན་གྱི་འབྲེལ་ལམ་སོགས་ཉུང་དུ་གཏོང་རྒྱུ་དང།  དེ་དང་འབྲེལ་ནས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་དམག་དོན་འབྲེལ་བ་དམ་དུ་བཏང་ནས། གནད་དོན་གང་ཅིའི་ཐད་ལུགས་མཐུན་གྱི་སྒོ་ནས་རྒྱུན་གནས་ཐུབ་རྒྱུར་འབད་བརྩོན་བྱེད་རྒྱུ་ཡིན་”ཞེས་བརྗོད་ཡོད་པ་རེད།

རྒྱ་ནག་གི་བདེ་སྲུང་བློན་ཆེན་ལཱེང་ཀུང་ལི་ཡིས། “ད་ཐེངས་རྒྱལ་ཁབ་ཕྱོགས་གཉིས་ཀྱི་གྲོས་མཐུན་བརྒྱུད་ནས། གོ་འཛོལ་ཐེབས་པའི་གནད་དོན་ཡོངས་རྫོགས་གཙང་སེལ་འགྲོ་བར་ཡིད་ཆེས་ཡོད་”ཅེས་བརྗོད་ཡོད་པ་རེད།