རང་དབང་གི་དུས་སྟོན་ཞེས་པའི་རོལ་དབྱངས་འདུ་འཛོམས།
འདུ་འཛོམས་དེའི་ཐོག་རྒྱ་གར་གྱི་རོལ་དབྱངས་ཚོགས་པ་ལྔ་དང་བོད་ཕྲུག་རུ་ཁག་གཅིག་བཅས་ཀྱི་གླུ་གཞས་འཁྲབ་སྟོན་བྱེད་རྒྱུ་ཡིན་པ་དང་། རོལ་དབྱངས་དང་འགྲོགས་ནས་བོད་མིའི་དཀའ་སྡུག་དང་། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་མེད་སྐོར་སོགས་བོད་དོན་རྒྱབ་སྐྱོར་གྱི་གནད་དོན་གླེང་རྒྱུ་ཡིན་པ་རེད། ས་གནས་དེར་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཝེ་ཝིག་ཞེས་པ་ཞིག་གིས་རྒྱ་གར་གྱི་དུས་བབ་གསར་ཤོག་ཐོག་བརྗོད་པ་ལྟར་ན། ང་ཚོས་ནམ་རྒྱུན་མར་མེའི་ཁྲོམ་སྐོར་དང་ཞི་བའི་ངོ་རྒོལ་གྱི་སྐད་འབོད་རིམ་པར་བྱེད་ཀྱི་ཡོད་ཀྱང་། ཐེངས་འདིར་རོལ་དབྱངས་འདུ་འཛོམས་ཀྱི་ལས་འགུལ་ཞིག་གོ་སྒྲིག་ཞུ་དགོས་དོན་གཙོ་བོ་ནི། རྒྱ་གར་གྱི་གཞོན་སྐྱེས་ཚོར་དམིགས་བསལ་དོ་སྣང་བསྐྲུན་ཐུབ་ཆེད་ཡིན། ད་དུང་འདི་བརྒྱུད་ང་ཚོའི་གཙུག་ལག་སློབ་གཉེར་ཁང་ནང་གི་རྒྱ་གར་དང་བོད་པའི་སློབ་མས་མཉམ་འབྲེལ་གྱིས་ལས་འགུལ་སྤེལ་བ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད་ཅེས་བརྗོད་འདུག
ལས་འགུལ་དེ་ནི་བོད་མིའི་རྩ་དོན་ཆེད་རང་ཡིན་པ། གཙུག་ལག་སློབ་གཉེར་ཁང་དེའི་ནང་རྒྱ་གར་གྱི་མངའ་སྡེ་རཱ་ཇི་སི་ཐན་དང་། གྷུ་ཇི་ར་ཏི། མ་ནི་པུར། ཧི་མ་ཅལ་སོགས་ནས་སློབ་མ་འདྲ་མིན་དང། བོད་པའི་སློབ་མ་བཅས་ཀྱིས་ཟླ་གཅིག་ཙམ་རིང་གྲ་སྒྲིག་བྱས་ཡོད་པ་དང་། ལས་འགུལ་དེ་ལ་རང་དབང་གི་དུས་སྟོན་ཞེས་འབོད་ཀྱི་ཡོད་འདུག ཡང་བོད་པའི་སློབ་མ་དབང་མོས་རྒྱ་གར་དུས་བབ་གསར་ཤོག་ཐོག་བརྗོད་དོན། རོལ་དབྱངས་ནི་མི་མང་ལ་གོ་རྟོགས་སྤེལ་རྒྱུ་དང་། འབྲེལ་ལམ་གསར་བཟོའི་བརྒྱུད་ལམ་ཡག་ཤོས་ཤིག་ཡིན་པ་དང་། མང་པོ་ཞིག་གིས་བོད་པའི་དཀའ་ངལ་དང་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་ཀྱི་མེད་པ་རེད། བོད་པའི་གཞོན་སྐྱེས་མང་པོ་ཞིག་མཐོ་རིམ་སློབ་གྲྭར་འགྲིམས་སྐབས་ས་ཆ་གང་སར་འགྲོ་དགོས་པ་དང། རོལ་དབྱངས་འདུ་འཛོམས་བརྒྱུད་ང་ཚོ་བོད་པའི་རྩ་དོན་ལ་ས་གནས་རྒྱ་གར་བས་དོ་སྣང་དང་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་ཞུ་བཞིན་ཡོད་ཅེས་བརྗོད་འདུག
རྒྱ་གར་སོགས་རྒྱལ་ས་ཆེ་ཁག་ཚང་མར་བོད་རང་བཙན་སློབ་ཕྲུག་ཚོགས་པ་ཡོད་པ་དང་། ཝ་དྷོ་དྷ་ར་གྲོང་ཁྱེར་ནང་ས་གནས་ཚོགས་མི་ལྔ་མ་གཏོགས་མེད་སྟབས། ལས་འགུལ་འདིའི་རྗེས་སུ་ཚོགས་མི་མང་དུ་འགྲོ་རྒྱུའི་རེ་བ་ཡོད་པ་དང་། གལ་སྲིད་འདུ་འཛོམས་ཐོག་མཉམ་ཞུགས་བྱེད་མཁན་མང་པོ་བྱུང་ཚེ་ལོ་ལྟར་འཚོག་ཐུབ་པ་བྱེད་རྒྱུ་མ་ཟད། རྒྱ་གར་ནང་གི་གཞས་པ་གྲགས་ཅན་རིགས་ཆེད་འབོད་བྱ་རྒྱུའི་འཆར་གཞིའང་ཡོད་པ་རེད།།
{jcomments on}