བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་ཕྱོགས་བསྐྱོད།
སུད་སི་བུད་མེད་ཚོགས་པའི་འཐུས་མི་སོགས་ཐུག་འཕྲད་གནང་ཡོད་པ་དང་། དེ་དང་འབྲེལ་ནས་ཁོང་བཀའ་ཁྲི་ལངས་དགོས་པའི་རྒྱུ་མཚན་དང་། བོད་ཀྱི་གནད་དོན་སོགས་ཆབ་སྲིད་ཀྱི་ཐད་ལ་གསུང་བཤད་གནང་ཡོད་པ་རེད།
གསུང་བཤད་ཀྱི་རྗེས་སུ་གཞོན་ནུ་དང་བུད་མེད་ཀྱི་སྐུ་ཚབ་ཚོ་གཙོ་བོར་གྱུར་པའི་མི་མང་གིས། བོད་དང་རྒྱལ་སྤྱིའི་གནས་བབས། བོད་ཀྱི་ཁོར་ཡུག་སོགས་ཀྱི་ཐད་ལ་དྲི་བ་དྲིས་པ་དང། གལ་སྲིད་ཁོང་བཀའ་ཁྲི་འདེམས་ཐོན་བྱུང་ན། བོད་པའི་ཚོགས་པ་ཁག་དང་ལྷན་དུ་ལས་ཀ་མཉམ་འབྲེལ་གནང་འདོད་ཡོད་སྐོར་དང། བོད་མི་ཚང་མས། ཟླ་བ་༣ ཚེས་༢༠ ཉིན་འོས་འཕེན་གྱི་ཆ་ཤས་ལེན་དགོས་སྐོར་གྱི་འབོད་སྐུལ་གནང་ཡོད་པ་རེད། སྐབས་དེར་གནང་བའི་གསུང་བཤད་དང། མི་མང་གི་དོགས་འདྲི་སོགས་བགྲོ་གླེང་གོ་སྒྲིག་པས་གང་མགྱོགས་དྲ་ལམ་ཁག་ཏུ་འགོད་རྒྱུ་ཡིན་འདུག
ད་སྐབས་སྐབས་གསུམ་པའི་བཀའ་བློན་ཁྲི་པའི་དངོས་གཞིའི་འོས་མིའི་ནང་བཀྲ་ཤིས་དབང་འདུས་དང། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བློ་བཟང་སེང་བཅས་ཡོད་པ་དང་། བསྟན་འཛིན་རྣམ་རྒྱལ་དང་བློ་བཟང་སེང་གེ་གཉིས་ཀྱིས་བོད་མི་གནས་སྡོད་བྱེད་སའི་ས་གནས་མང་པོའི་ནང་བསྐྱོད་བྱས་པ་དང་། མ་འོངས་པར་ཡང་བྱེད་འཆར་ཡོད་པ་རེད།།
བསྟན་འཛིན་སྐལ་ལྡན་གྱིས་གནས་ཚུལ་མཁོ་གཏོང་གནང་བ་ལས་བཏུས།
{jcomments on}