རྒྱ་གཞུང་གི་བཙོན་ཁང་ནང་དུ་བོད་མི་༨༣༡ ཙམ་ཡོད་པ་རེད།
ལོ་འཁོར་སྙན་ཐོའི་ནང་དུ་འཁོད་པ་ལྟར་ན། ཕྱི་ལོ་༢༠༡༠ ལོའི་ནང་བོད་ནང་གི་གཞས་པ་དང་། རྩོམ་པ་པོ། ཁོར་ཡུག་སྲུང་སྐྱོབ་པ་སོགས་གྲགས་ཅན་མི་སྣ་ཁག་ལ་ཆབ་སྲིད་ཀྱི་དོགས་གཞི་ཆེན་པོ་བྱས་ཏེ་འཇུ་བཟུང་དང་ཁྲིམས་ཆད་ལྗིད་པོ་བཅད་ཡོད་པ་སྟེ། བོད་མི་བསོད་ནམས་ཚེ་རིང་དང་པདྨ་ཡེ་ཤེས། བླ་མ་ལྷ་དགའ། བསོད་རྡོ་བཅས་ལ་ལོ་གཉིས་ནར་འགྱངས་ཀྱི་སྲོག་ཐོག་ཁྲིམས་ཐག་བཅད་པ་དང་། འབྲས་སྤུངས་དགོན་གྱི་དགེ་སྒོས་འཇམ་དཔལ་དབང་ཕྱུག་དང་། གཡག་མགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས། བསོད་ནམས་མགོན་པོ། ཚེ་དབང་རིན་ཆེན་བཅས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད། དེ་བཞིན་ཚེ་དབང་རྒྱ་མཚོ་དང་། ཁོར་ཡུག་སྲུང་སྐྱོབ་དང་གནའ་རྫས་ཉར་ཚགས་པ་ཀརྨ་བསམ་འགྲུབ། བཀྲ་ཤིས་རབ་བརྟན་སོགས་ལ་མི་ལོ་༡༥ ནས་༡༦ བར་གྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
མུ་མཐུད་འཁོད་དོན། བོད་མི་མང་པོ་ཞིག་འཇུ་བཟུང་བྱས་རྗེས་གནས་སྟངས་གང་ཡང་ཤེས་རྟོགས་མེད་པར་གར་སོང་ཆ་མེད་དུ་གྱུར་པ་མ་ཟད། སེམས་ཁམས་མི་བདེ་བ་ཆགས་པ་སོགས་ཀྱི་གནས་ཚུལ་ཚབས་ཆེན་ལྷག་བཞིན་ཡོད། ཤེས་རྟོགས་བྱུང་བར་༢༠༡༠ ལོར་བོད་མི་མི་གྲངས་༡༨༨ འཛིན་བཟུང་དང་བཙོན་འཇུག་བྱས་ཡོད་པ་དང། མི་གྲངས་༧༡ ཙམ་ལ་ཚད་གཞི་མི་འདྲ་བའི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་ཅིང་། བོད་ནང་ལྟ་སྲུང་ཁང་དང། ངལ་གཅུན་ཁང། བཙོན་ཁང་བཅས་ནང་བཀག་ཉར་དང་། བཀག་སྐྱིལ། བཙོན་འཇུག་བྱེད་བཞིན་པའི་བོད་མི་ཆབ་སྲིད་བཙོན་པ་བསྡོམས་མི་གྲངས་༨༣༡ ཙམ་ཡོད་པ་དང། དེའི་ནང་ལོ་གཉིས་ནར་འགྱངས་ཀྱིས་སྲོག་ཁྲིམས་དང་ཚེ་བཙོན། དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་ཕོག་པ་མི་གྲངས་༣༦༠ ཙམ་ཡོད་པ་རེད།
དེ་བཞིན་༢༠༡༠ ལོའི་ནང་རྒྱ་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་དོ་དམ་བྱེད་ཐབས་ཞེས་པ་གསལ་བསྒྲགས་བྱས་ཡོད་པ་མ་ཟད། དགོན་སྡེ་ཁག་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཤུགས་ཆེ་རུ་སྤེལ་བཞིན་ཡོད་པ་དང་། དེ་བཞིན་མཚོ་སྔོན་ཞིང་ཆེན་གྱི་འབྲིང་རིམ་སློབ་གསོ་བསྒྱུར་བཅོས་དང་འཕེལ་རྒྱས་འཆར་འགོད་ཅེས་པའི་སློབ་གསོ་བསྒྱུར་བཅོས་ཀྱི་སྐད་གཉིས་ལམ་ལུགས་ལ་འགྱུར་བ་གཏོང་བའི་བྱ་ཐབས་སྤེལ་སྐབས་བོད་པའི་སློབ་མ་རྣམས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་ཅིང་། སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་བྱུང་སྐབས་ཡུལ་མི་ཤུལ་ལུས་རྣམས་ཀྱིས་༧གོང་ས་མཆོག་མཇལ་འདོད་བྱས་པ་མ་ཟད། ༧གོང་ས་མཆོག་གིས་ཀྱང་ཕེབས་འདོད་གནང་ཡང་རྒྱ་གཞུང་གིས་དང་ལེན་མ་བྱས་པ་རེད། བོད་ཀྱི་ཞིང་འབྲོག་ཁུལ་དུ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་བསྐྲུན་ཞེས་པའི་ལས་གཞི་ཤུགས་ཆེ་རུ་བཏང་ནས་བོད་ཀྱི་སྲོལ་རྒྱུན་འཚོ་བ་དང་། ཁོར་ཡུག་སོགས་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད་པ་རེད།
མདོར་ན། བོད་མིའི་འགྲོ་འོང་ལ་དམ་དྲག་དང་། ལྷ་ས་སོགས་སུ་ཕྱི་ནས་ཡོང་བའི་བོད་མིར་གནས་སྐབས་གནས་སྡོད་ཆོག་པའི་ལག་ཁྱེར་ཞུ་ལེན་སྒྲིག་སྲོལ་གཏན་འབེབས་དང་། དེ་བཞིན་བལ་བོད་ས་མཚམས་སྔར་བས་དམ་དྲག་ལ་ཤུགས་སྣོན་དང་། བལ་ཡུལ་ཉེན་རྟོག་པས་དེ་ལ་རྒྱབ་སྐྱོར་བྱས་པ་བཅས་ལ་བརྟེན་ནས་ཕྱི་ལོ་༢༠༡༠ ལོར་བོད་མི་གྲངས་༧༧༠ ལས་འབྱོར་ཐུབ་མེད་པ་རེད་ཅེས་སོགས་འཁོད་འདུག །
{jcomments on}