གནད་དོན་འདི་ལ་གྲ་སྒྲིག་དགོས།

གལ་སྲིད་མི་མང་གིས་ལྷོ་བྱང་གཉིས་སོ་སོ་ལོགས་སུ་རང་བཙན་དགོས་པའི་བསམ་ཚུལ་འཛིན་མཁན་མང་བའི་ཕྱོགས་ལ་འོས་ཤོག་གི་རྒྱལ་ཁ་ཐོབ་པ་ཡིན་ན་གཞུང་གི་ངོས་ནས་རང་བཙན་བྱེད་ཆོག་པའི་ཐོབ་ཐང་སྤྲོད་རྒྱུ་གཏན་འཁེལ་བྱུང་ཡོད་པ་རེད། དེ་མཚུངས་རྒྱ་གར་ནང་ལ་མཚོན་ནའང་འབྲས་ལྗོངས་མངའ་སྡེའི་གནད་དོན་ཐག་གཅོད་བྱེད་སྐབས་ཀྱང་ཐབས་ལམ་འདི་ལྟར་བེད་སྤྱོད་བྱས་ཡོད་པ་དང། མ་འོངས་པར་རྒྱ་ནག་གི་གནས་སྟངས་ལ་འགྱུར་བ་ཞིག་འགྲོ་ཐུབ་པའི་དབང་དུ་བཏང་ན་བོད་པ་ལ་གོ་སྐབས་ཡག་ཤོས་དེ་རང་ཐག་རང་གཅོད་དམ། མི་མང་གི་ངོས་ནས་མང་མོས་འོས་འདེམས་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུའི་གོ་སྐབས་ཡོང་མི་སྲིད་པ་མ་རེད། དེ་དང་འདྲ་བའི་གོ་སྐབས་ཤིག་འཐོབ་ཐུབ་པའི་དབང་དུ་བཏང་ན་བོད་པའི་འགྱུར་བ་མེད་པའི་སྲིད་བྱུས་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཁོ་ན་ལས་གཞན་བསམ་བློ་གཏོང་ཐབས་མེད་པ་ལྟ་བུ་ཡིན་ནམ། གནད་དོན་འདི་ལྟ་བུ་ཡོང་སྲིད་པའི་ཐོག་ནས་གྲ་སྒྲིག་གཞན་ག་རེ་ཡོད་དམ། ཞེས་པའི་དྲི་བ་འདི་དག་ལ་རྒྱལ་སྤྱིའི་གནས་བབས་ཀྱི་ཐོག་ནས་འགྱུར་བ་འདྲ་མིན་འགྲོ་བཞིན་པས། བོད་མིའི་ངོས་ནས་ཀྱང་བསམ་བློ་འདི་མི་གཏོང་ཀ་མེད་དུ་གྱུར་འདུག

བཙན་བྱོལ་ནང་དུ་ཡོད་པའི་བོད་པ་འབུམ་གཅིག་ལྷག་ཙམ་དེས་གཞིས་བྱེས་གཉིས་ཀྱི་ངོ་ཚབ་མཚོན་ཐུབ་མིན་བཤད་དཀའ་བ་དང། བོད་ནང་དུ་མང་མོས་འོས་བསྡུ་བྱ་རྒྱུའི་གོ་སྐབས་ཤར་བའི་ཚེ་མི་མང་གི་གོ་རྟོགས་ངོས་ནས་གནས་ཚུལ་ག་རེ་ཡོང་གི་རེད། གཞིས་བཞུགས་རྒྱ་ཆེའི་མི་མང་གི་ངོས་ནས་སོ་སོའི་མངོན་འདོད་དང་མཐུན་པའི་ཐག་གཅོད་ཅིག་བྱེད་པ་ལ་བར་ཆད་གང་དང་གང་ཡོད། མི་མང་གི་ངོས་ནས་གདམ་ཀ་མ་ནོར་བ་ཞིག་ཡོང་ཐབས་ལ་གྲ་སྒྲིག་གང་དང་གང་དགོས་འདི་དག་ནི་ད་ལྟའི་ཆར་གཡོལ་ཐབས་མེད་པའི་ལས་འཆར་གལ་ཆེ་ཤོས་ཤིག་ཏུ་གྱུར་ཡོད། རྒྱ་ནག་གཞུང་ཕྱོགས་གང་ཐད་ནས་ཡར་རྒྱས་སུ་འགྲོ་བཞིན་པའི་སྐབས་ཡིན་ནའང།  རྒྱ་ནག་རྒྱལ་ཁབ་དེ་རྟག་བརྟན་འགྱུར་མེད་དུ་གནས་མི་ཐུབ་པ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད། རྒྱ་ནག་ནང་འགྱུར་བ་དེ་ལྟ་བུ་ཞིག་ཡོང་བ་ལའང་བོད་པ་སོགས་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་རྣམས་ཀྱིས་བསམ་བློ་གཏོང་དགོས་པ་དང། གྲ་སྒྲིག་བྱེད་དགོས་པ་དེ་ཡང་གལ་ཆེན་པོ་རེད། དེ་ལྟ་བུའི་གོ་སྐབས་ཡག་པོ་ཞིག་ཐོབ་པའི་དབང་དུ་བཏང་ན་སྔོན་ཚུད་ནས་གྲ་སྒྲིག་མེད་པར་གོ་སྐབས་ཆུད་ཟོས་སུ་སོང་ན་འཁང་ར་བྱས་ཀྱང་བཅོས་ཐབས་གང་ཡང་མེད། དེར་བརྟེན་མ་འོངས་པར་ཡང་མུ་མཐུད་དུ་མི་རིགས་ས་གནས་རང་སྐྱོང་ཁོ་ན་ལས་ལམ་ཁ་གཞན་མེད་པའི་བསམ་ཚུལ་དེ་དོར་ནས། ༸གོང་ས་མཆོག་གིས་ཡང་ཡང་ལམ་སྟོན་གནང་བ་བཞིན་རེ་བ་ཡག་ས་ནས་རྒྱག་དགོས་པ་དང། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་གདམ་ངག་དེ་སེམས་ལ་བཟུང་ནས་རྒྱལ་སྤྱིའི་གནས་བབས་དང་རྒྱ་ནག་གི་འགྱུར་འགྲོས་གཞི་ལ་བཞག་ནས། མ་འོངས་པར་སུད་ཌན་ལྟ་བུ་རང་བཙན་དང་རང་སྐྱོང་ག་རེ་དགོས་མིན་བོད་རིགས་མང་གི་ངོས་ནས་འོས་འཕེན་གྱི་ལམ་ནས་ཐག་གཅོད་ཡོང་རྒྱུའི་གོ་སྐབས་འཚོལ་དགོས་པ་དང། ཐག་གཅོད་དེ་ཡང་རྒྱ་ནག་གཞུང་གི་མགོ་སྐོར་དང་གཡོ་བྱུས་ཀྱི་འོག་ཏུ་མ་ཤོར་བ་ཞིག་ངེས་པར་ཡོང་བའི་ཐབས་ལམ་ཞིག་ད་ལྟ་ནས་མི་མང་གི་བསམ་བློའི་ནང་ཡོང་ཐབས་བྱེད་དགོས། བསམ་ཚུལ་འདི་ཡོང་མི་སྲིད་པའམ་བཤད་སྔ་བ་ཞིག་ཏུ་མཐོང་སྲིད་ཀྱང།  ལོ་བཅུ་དང་ཉི་ཤུ་ཙམ་གྱི་རིང་སུད་ཌན་རྒྱལ་ཁབ་ཀྱི་གནས་སྟངས་ཀྱང་འདི་ལྟ་བུ་ཡོང་སྲིད་པའི་ཚོད་དཔག་བྱེད་མཁན་ཉུང་ཉུང་ཡིན་པ་ཁ་ཚོད་བཅད་ནས་བཤད་ཆོག་པ་ཞིག་རེད། དེར་བརྟེན་བོད་པའི་ངོས་ནས་ཀྱང་རྨི་ལམ་འདི་ལྟ་བུ་གཏོང་མི་འོས་པ་ཞིག་གཏན་ནས་མིན་ལ། རྒྱ་ནག་གིས་བོད་དུ་བཙན་འཛུལ་གྱིས་མནར་གཅོད་སྣ་ཚོགས་བཏང་བ་དང། ལྷག་པར་དུ་༢༠༠༨ ཀྱི་ལོའི་ཁྲག་རྗེས་མ་སྐམ་པར་བོད་མིའི་སེམས་ནང་དུ་གནས་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཞལ་བཞུགས་པའི་བཀའ་དྲིན་ལ་བརྟེན་ནས་གཞིས་བྱེས་བོད་རིགས་མི་མང་གི་བསམ་ཚུལ་ཕྱོགས་གཅིག་ཏུ་བསྒྲིལ་ཐུབ་པའི་ནུས་པ་དང་རེ་བ་ཆེན་པོ་ཡོད།།