འོས་བསྡུ་ལ་སོང་བ།
ཞོགས་ཟས་ཟོས་ཚར་བ་དང་བཟའ་ཟླ་ངེད་གཉིས་འཕྲུལ་རྟ་ལ་ཞོན་ནས་བདེ་སྐྱིད་སླར་གསོའི་མི་མང་ཚོགས་ཁང་གི་ཕྱོགས་སུ་ཤར་གྱིས་བསྐྱོད། ངེད་ཉིས་ཚོགས་ཁང་དུ་འབྱོར་སྐབས་ད་དུང་འོས་བསྡུ་ལས་ཁང་གིས་གྲ་སྒྲིགས་བྱེད་བཞིན་པ་དང་མི་མང་འོས་འཕེན་མཁན་ཡང་གཅིག་ཀྱང་འབྱོར་མི་འདུག་པས། ངས་རང་ཉིད་ཀྱི་ཆུ་ཚོད་ལ་བལྟས་སྐབས་ཆུ་ཚོད་བདུན་ཕྱེད་ལ་གཞི་ནས་སླེབས་ཀྱི་ཡོད་པ་ཤེས། བཟའ་ཟླ་ངེད་གཉིས་ཀྱིས་རང་རང་གི་འདོད་མོས་ཡོད་པའི་བཀའ་སྤྱིའི་འོས་མི་རྣམས་ཀྱི་མིང་དང་། ལས་གནས། སྡོད་གནས་བཅས་ལ་བསྐྱར་སྦྱོང་བྱེད་བཞིན་འོས་བསྡུ་འགོ་འཛུགས་པར་བསྒུག་ནས་བསྡད། ཆུ་ཚོད་བརྒྱད་པ་ཟིན་སོང་། མི་མང་སླེབས་འགོ་ཚུགས་པ་ན་ང་དང་བཟའ་ཟླ་གཉིས་གྲལ་མདུན་དུ་དང་པོ་གཉིས་པ་བྱས་ནས་བསྡད། བདེ་སླར་འོས་བསྡུ་ཚོགས་ཆུང་གིས་འོས་བསྡུའི་ས་ཚུགས་གཅིག་ལས་གོ་སྒྲིགས་བྱས་མི་འདུག་མོད། གོ་སྒྲིགས་བྱས་པ་ཧ་ཅང་ཚགས་ཚུད་པོ་བྱས་འདུག འོས་བསྡུའི་འགང་ཤོག་བཀང་སའི་བྱིལ་བུ་ཡང་མང་པོ་བཟོས་འདུག ཚོགས་ཁང་དུ་འཛུལ་མ་ཐག་མདོ་སྟོད་ཀྱི་འོས་བསྡུའི་འགང་ཤོག་ལེན་དུ་ཕྱིན་པས་ཁོང་ཚོས་ངེད་གཉིས་མཐོང་བ་ན་ཧང་སང་མདོག་གིས་ཨ་མདོ་བ་མིན་ནམ་ཞེས་དྲིས་བྱུང་། མིན་མདོ་སྟོད་ཡིན་ཞེས་སྨྲ་བཞིན་དཔྱ་ཁྲལ་ལག་དེབ་ཁོ་ཚོར་བསྟན། ཁོང་ཚོས་དེབ་ལ་ལྟ་བཞིན་དེབ་སྐྱེལ་གང་དུ་བྱས་པ་ཡིན་ཟེར། ངས་དེབ་སྐྱེལ་ལུགས་བསམ་ནས་བྱས་པའི་ལན་འདེབས་བྱེད་སྐབས། ཁོང་ཚོས་འོས་བསྡུ་ཡང་ལུགས་བསམ་ནས་བྱེད་དགོས་རེད་ཟེར། སྒྲིགས་གཞི་ལྟར་ན་དེ་ལ་ཁྱད་པར་གང་ཡང་མེད་པ་ངས་ཤེས་ཀྱི་ཡོད་ནའང་། ཀ་ཀོར་མ་བཤད་པར་ལམ་སང་ལུགས་བསམ་གཞིས་ཆགས་ཀྱི་ཕྱོགས་སུ་བསྐྱོད་པ་ཡིན། ངེད་གཉིས་ལུགས་བསམ་གཞིས་ལས་ཁང་དུ་འབྱོར་སྐབས་ཁུ་སིམ་མེར་འདུག་ལ་འོས་བསྡུ་གང་ན་བྱེད་ཀྱི་ཡོད་མེད་ཡང་ཤེས་ཀྱི་མི་འདུག ལམ་སང་ཁ་པར་ནས་འབྲེལ་ཡོད་ཁ་ཤས་ལ་དྲི་བརྩད་བྱས་སྐབས་གཞི་ནས་གོ་སྒྲིགས་བྱེད་ཀྱི་ཡིན་ཟེར། ཆུ་ཚོད་ཕྱེད་ལྷག་ལ་ཇ་ཁང་ཞིག་ནས་འོས་བསྡུ་སྒུག་ནས་བསྡད། ཇ་ཁང་དང་ཚོང་ཁང་། རྒྱ་ལམ་གཡས་གཡོན་གྱི་འོས་དམིགས་ཁྱབས་བསྒྲགས་དང་འབྲེལ་བའི་སྦྱར་ཡིག་ཚང་མ་མེད་པ་བྱས་ཚར་འདུག
ཆུ་ཚོད་བརྒྱད་ཕྱེད་ཟིན་ཚར་སོང་། ལུགས་བསམ་ཁྱབས་ཁོངས་ཀྱི་འོས་བསྡུའི་ས་ཚུགས་ཁག་གི་གོ་སྒྲིག་པ་རྣམས་གཞི་ནས་འབྱོར་ཏེ་འོས་སྒམས་བགོ་བཤའ་བྱས་ནས་ཕྱིན་སོང་། སེ་ར་ཆོས་སྒར་དང་རྣམ་གྲོལ་གླིང་། གཞིས་གྲོང་དང་པོ། གྷོ་ལ་ཐ་ལ། སྤུ་ཧྲེང་གྲོང་སྡེ་བཅས་ནི་འོས་བསྡུའི་ས་ཚུགས་ཡིན་པ་དང་། ས་ཚུགས་དེ་དག་ལས་མི་ཚོགས་ཆེའི་མང་ས་ནི་གཞིས་གྲོང་དང་པོ་དང་། སེ་ར་ཆོས་སྒར། རྣམ་གྲོལ་གླིང་བཅས་ཡིན་པ་རེད། མི་མང་གཅིག་རེ་གཉིས་རེ་བྱས་ནས་འབྱོར་ཀྱི་ཡོད་པ་དང་། འོས་བསྡུའི་གོ་སྒྲིག་པ་ཚོས་བྲེལ་བ་ཚབ་ཚུབ་བྱེད་ཀྱི་འདུག་མོད། ཆུ་ཚོད་དགུ་པ་ཡོལ་བཞིན་འདུག་པས་ང་ནི་བྲེལ་སྣང་གི་ཀླུང་དུ་དེད་ནས་སྡོད་ཀྱང་མི་ཚུགས་པ་ལྟར་གྱུར་སོང་།
ཆུ་ཚོད་བཅུ་པར་ཟིན་ཁར་དེར་འབྱོར་ཟིན་པའི་མི་མང་གྲལ་སྒྲིག་འགོ་བརྩམས་སོང་བས་ང་ཡང་སྐྱར་གྲལ་མདུན་དུ་ཡོད་པ་དང་། འོས་འཕེན་མཁན་ཚང་མའི་སྔོན་མ་ཡིན། ངས་ཁོང་ཚོར་ཁ་མཚར་དང་བཅས་ང་བཀྲ་ཤིས་བདེ་ལེགས་ཀྱི་འོས་བསྡུའི་ལས་རིམ་འདི་བཀྲིས་བདེ་ལེགས་ཡོང་བའི་རྟེན་འབྲེལ་ཡིན་ཅེས་བཤད་ཞོར་འགང་ཤོག་ལེན་པར་བརྩམས་ཡང་། དེའི་སྔོན་ལ་དེབ་སྐྱེལ་ཀྱི་ཨང་གྲངས་བསྐྱར་འབྲི་བྱེད་དགོས་རེད་ཟེར། རྒྱུ་མཚན་དྲིས་སྐབས་ཨ་ཅག་སྒྲོལ་མས་སྔོན་མ་འབྲི་ནོར་ཤོར་ནས་དེ་རང་ཡང་བསྐྱར་དེབ་སྐྱེལ་ཨང་གྲངས་ཚང་མ་བསྐྱར་འབྲི་བྱེད་དགོས་བྱུང་སོང་ཟེར། གང་ལྟར་ཚགས་མ་ཚུད་པའི་ལས་ཀ་རེ་རེ་ལ་ཕར་སྐད་ཆ་དྲི་བཞིན། ཚུར་གླེང་མོལ་བྱེད་བཞིན། ལག་པ་འདར་བཞིན་ཡིག་འབྲུ་རེ་རེ་པར་ཤིང་རྐོ་རྐོ་བྱེད་ནས་མི་རེ་རེའི་ཐོ་འགོད་ལ་ཡང་སྐར་མ་བཅུ་རེ་འགོར་འགྲོ་བ་ལ་བལྟས་ན། བོད་ལ་རྒྱལ་ཁབ་གྱི་གནས་བབ་ཞིག་དེ་རིང་སྤྲད་པ་ཡིན་ན། ང་ཚོས་ག་འདྲ་བྱེད་དགོས་ཐུག་ས་རེད་སྙམ་པའི་ཐེ་ཚོམ་གྱི་ཚོར་བ་ཞིག་ཀྱང་སྐྱེས་བཅུག་སོང་། རང་ཉིད་ལ་འགང་ཤོག་ཐོབ་རྗེས་སྔ་ས་ནས་གྲ་སྒྲིགས་ཡོད་པ་ལྟར་བཀང་ནས་འོས་སྒམ་དུ་བླུགས།
རྒྱལ་ཁབ་གཞན་གྱི་འོས་བསྡུ་ལྟར། ང་ཚོར་ཉེན་རྟོག་པ་དང་སྐོར་སྲུང་བ་སོགས་ཀྱི་ལྟ་རྟོགས་དང་། དམག་གི་སྲུང་སྐྱོབ་སོགས་གང་མེད་པས་མ་ཚད་ཐ་ན་བསྟར་སྒྲིག་བཀོད་འདོམས་པ་ཙམ་ཡང་མེད་པའི་རང་དབང་གི་འོས་བསྡུ་ཞིག་ཡིན་པས་ཧ་ཅང་ཡ་མཚན་པའི་ཚོར་སྣང་ཞིག་ཀྱང་སྟེར། མི་རྣམས་ཀྱིས་འགང་ཤོག་རེ་བླང་ན་གཡས་གཡོན་གྱི་རྩིག་འགྲམ་དག་ན་བཀང་བཞིན་འདུག་ལ། ལ་ལས་སོ་སོའི་ཆོལ་ཁ་ཚོགས་པས་བཏོན་ཟིན་པའི་འོས་དམིགས་ཤོགས་ལྷེ་དག་ནས་ཕབ་བཤུ་བྱེད་བཞིན་འདུག ཡང་འགའ་རེས་ཚགས་པར་ནས་ཕབ་བཤུ་བྱེད་བཞིན་འདུག་ལ། ཁག་ཅིག་གིས་གྲོས་བསྡུར་བྱེད་བཞིན་འགང་ཤོག་བཀང་གི་འདུག དེ་མིན་མི་སེར་དཀྱུས་མ་མང་ཆེ་བར་མི་གཅིག་གཉིས་རེ་ལས་འབྲི་རྒྱུ་མི་འདུག་ལ། དེ་དག་བྲིས་རྗེས་བློ་ཡིད་ཚིམ་པའི་རྣམས་འགྱུར་དང་བཅས་ཐོན་འགྲོ་ཡི་འདུག དེ་ལྟར་འོས་བསྡུ་བྱེད་བཞིན་པའི་མི་ཚོགས་ཇེ་ཆེ་ཡིན་པ་དང་། རྒན་རྒོན་དང་དར་མ། གཞོན་སྐྱེས་ཚང་མ་འཛོམས་ནས་འོས་བསྡུའི་ལས་ལ་བྲེལ་ནས་འདུག་མོད། བོད་ཁྱིམ་སློབ་མ་མང་པོ་ཞིག་གིས་སློབ་གྲྭའི་དེབ་སྐྱེལ་ལམ་སྟོན་ཡག་པོ་མ་བྱུང་བའི་རྐྱེན་གྱིས་འོས་བསྡུའི་ཀོ་སྐབས་ཤོར་སོང་ཟེར་ནས་སློབ་གྲྭའི་དབུ་འཛིན་ལ་འཁང་ར་བྱེད་མཁན་ཡང་འདུག དེ་ལྟར་ལུགས་བསམ་གཞིས་གྲོང་དང་པོའི་འོས་བསྡུ་ཉིན་གང་ལ་བྱས་པ་རེད། ང་ཆུ་ཚོད་བཅུ་གཅིག་མ་ཟིན་ཙམ་བདེ་སླར་ཚོགས་ཁང་དུ་བསྐྱོད་ཀྱང་འོས་བསྡུའི་རྣམ་པ་ལུགས་བསམ་དང་གཅིག་མཚུངས་སུ་མཐོང་།
ཉིན་གོང་བཟའ་ཟླ་ནང་དུ་བསྐྱལ་ནས་སྐུ་ཞབས་འཇིགས་བྲལ་བསྟན་འཛིན་དང་ལྷན་དུ་སེ་རེའི་འོས་བསྡུའི་གནས་ཚུལ་ལ་བལྟ་རུ་ཕྱིན། ང་ཚོར་སེ་རར་འབྱོར་བ་སྐབས། སེ་ར་བླ་སྤྱིའི་མདུན་སྒོ་ནས་དགེ་འདུན་པ་རྣམས་འཚང་ཁ་ཤིག་ཤིག་བྱེད་བཞིན་པ་དང་། ཆབ་རེས་ཚོས་ནང་ནས་གྲྭ་པ་འཚང་ཁ་བྱེད་མཁན་ཚོར་ལྕག་གིས་བྲབ་ཞིན་འདུག ང་གློ་སྒོ་ནས་ནང་དུ་འཛུལ་སྐབས་འོས་བསྡུའི་འགང་ཤོགས་བླང་ཟིན་པའི་གྲྭ་པ་རྣམས་གདན་ལ་འཁོད་ནས་གཟབ་ནན་གྱིས་འགང་ཤོག་བཀང་བཞིན་པར་བལྟས་ན་ཆོས་དཔེ་ཆེན་པོ་ཞིག་ལ་དག་བཅོས་བྱེད་ཀྱི་ཡོད་པ་ལྟར་འདུག མང་ཆེ་བས་སོ་སོའི་འདོད་མོས་ཡོད་པའི་འོས་མི་རྣམས་ཀྱི་མིང་དང་། ལས་གནས། སྡོད་གནས་སོགས་ཤོག་ལྷེ་ཐོག་བྲིས་ནས་བསྣམས་འདུག་ལ། ཕན་ཚུན་སྐད་ཆ་འདྲི་བཞིན་པ་ཡང་མཐོང་རྒྱུ་འདུག ངས་འདྲ་པར་ཁ་ཤས་བླངས་པ་ཡིན། འཇིགས་བྲལ་ཀྱིས་དགེ་བསྐོས་ལགས་སུ་བཅར་འདྲི་བྱེད་བཞིན་འདུག ང་སྒོ་ཕྱིར་ཐོན་ནས་གྲྭ་པ་རྒན་པ་ཁག་ཅིག་དང་གླེང་མོལ་བྱས། ཁོང་ཚོས་ད་ལོའི་འོས་བསྡུ་ནི་སྔར་དང་གཏན་ནས་མི་འདྲ། སྔར་ཡིན་ན་ཤག་ཚང་དང་། ཁམས་ཚན་ཀྱི་རྒན་ལགས་ཚོས་སུ་ཞིག་འོས་ཁོངས་སུ་སྡུག་དགོས་གསུང་ན་དེ་ལས་གཞན་མེད་པ་ལྟ་བུ་ཡིན་མོད། ད་ལོ་རང་ཚུགས་དང་རང་དབང་གིས་འོས་སྡུག་བཞིན་ཡོད་པ་རེད་ལ། འོས་བསྡུའི་སྐོར་ལ་དོ་སྣང་སྔར་ལས་བརྒྱ་འགྱུར་གྱི་ཆེ་བ་འདུག་ཟེར། ངས་གནས་ཚུལ་རྒྱུས་ལོན་རོབ་ཙམ་བྱས་རྗེས་རྣམ་གྲོལ་གླིང་དུ་ཕྱིན་པ་ཡིན་མོད། སྐབས་དེར་དུས་ཚོད་ཕྱི་པོ་ཆགས་ནས་འོས་བསྡུ་ཕལ་ཆེར་བྱས་ཟིན་གྲབ་འདུག དགོན་པའི་འབྲེལ་ཡོད་ཅིག་ལ་འོས་བསྡུས་སྐོར་གླེང་མོལ་བྱེད་སྐབས། དེ་རིང་ཞོགས་པ་གྲྭ་པ་ཞིག་གིས་བློ་བཟང་སེང་གེའི་འདྲ་པར་འཁོད་པའི་སྦྱར་ཡིག་འགྲེམས་སྤེལ་བྱེད་འགོ་བརྩམ་སོང་མོད། ལམ་སང་གནས་ཚུལ་དེ་འདྲ་སྒྲིག་འགལ་ཡིན་པའི་གསལ་བཤད་བྱས་པས་གནས་ཚུལ་ལྷག་མ་སོང་ཟེར། དེ་དང་མཉམ་དུ་ང་ཚོའི་མང་གཙོའི་འགྲོ་སྟེངས་མང་པོ་ཡར་རྒྱས་འགྲོ་བཞིན་ཡོད་ཚོད་འདུག་ལ། ལྷག་པར་དགེ་འདུན་པ་ཚོར་ཆབ་སྲིད་ཐོག་རང་རྐྱ་ཐུབ་པའི་ལང་ཕྱོགས་ངེས་ཅན་ཞིག་འདུག གང་ཡིན་ཟེར་ན། དགོན་པའི་གནད་ཡོད་མི་སྣ་ཚོས་རྙིང་མའི་སྤྱི་འཐུས་སུ་རྒྱ་རི་བུ་ཕྲུག་དང་སློབ་དཔོན་བསོད་ནམས་བསྟན་འཕེལ་གཉིས་སྡུག་དགོས་པའི་ལམ་སྟོན་ལྟ་བུ་བྱས་ཡོད་པ་རེད་མོད། མང་པོ་ཞིག་གིས་རྒྱ་རི་བུ་ཕྲུག་ལ་འདོད་མོས་མི་འདུག མང་ཆེ་བས་འཆམ་ར་དྲི་མེད་རྒྱལ་མཚན་དང་སློབ་དཔོན་ལགས་རྣམས་གཉིས་ལ་འོས་སྡུག་གི་འདུག གནས་ཚུལ་འདི་འདྲའི་ཐོག་གོང་གི་བཀའ་ཇི་བཞིན་བརྩི་མི་དགོས་པའི་ལང་ཕྱོགས་འཛིན་གྱི་འདུག་ཟེར། འདི་ལྟར་ས་གནས་འདིའི་འོས་འཕེན་པའི་ཉི་མ་རྫོགས་ནས། ད་ནི་རང་རང་གི་འོས་མི་དེ་ཚོར་རྒྱལ་ཁ་ཐོབ་རྒྱུར་རེ་ནས་འོས་བསྡུའི་གྲུབ་འབྲས་ལ་བསྒུག་ནས་བསྡད་ཡོད་པ་རེད། དགོང་མོ་ཨ་རི་རླུང་འཕྲིན་ཁང་གིས་བལ་ཡུལ་དང་། རྡ་ས། ལྷོ་ཕྱོགས་བཅས་ནས་ང་ཚོ་གསར་འགོད་པ་གསུམ་སྐད་བཏང་ནས་འོས་བསྡུའི་སྐོར་ལ་བགྲོ་གླེང་བྱེད་སྐབས། ངས་ལྷོ་ཕྱོགས་སྦེལ་ཀོབ་ཀྱི་འོས་བསྡུའི་འགྲོས་ལ་བལྟས་ན་སྤྱི་འཐུས་རྙིང་པ་བརྒྱ་ཆ་བདུན་ཅུ་ཙམ་འཕོ་འགྱུར་འགྲོ་མི་ཐུབ་པར་རང་འཇག་དངོས་གཞིའི་འོས་བསྡུའི་ནང་སླེབས་ཚོད་འདུག་ཅེས་ཚོད་དཔག་བྱས་པ་ཡིན། གང་ཡིན་ཟེར་ན་ཉེ་ལམ་ཞིག་ནས་གྲོས་ཚོགས་ནང་རྒྱུན་ལྡན་མ་ཡིན་པའི་གནས་ཚུལ་མང་པོ་བྱུང་བར་བརྟེན། མང་པོ་ཞིག་གིས་སྤྱི་འཐུས་གསར་པ་སླེབས་དགོས་པའི་གླེང་སློང་ཆེན་པོ་བྱས་ཡོད་ན་ཡང་། འགག་མཚམས་ལ་ཐུག་དུས་སོ་སོའི་ཞེན་ཁོག་གི་བསམ་བློ་འདོར་ཐུབ་ཀྱི་མེད་པ་རེད་ལ། དེ་བཞིན་མི་མང་བྱིངས་ལ་སྤྱི་མི་ཚད་ལྡན་འདི་ཡིན་བསྙམ་པའི་འཐུས་མི་བཅུ་རྙེད་རྒྱུར་དཀའ་ངལ་ཡོད། མ་ཚད་སྒྲིག་འཛུགས་ཁག་གིས་ཀྱང་ཁེ་གྱོང་དང་། ལ་རྒྱ། ཞེན་ཁོག་བཅས་ཀྱི་གནས་ཚུལ་གླེང་ནས་མི་མང་ལ་ལམ་སྟོན་ཚུལ་བཞིན་བྱས་མེད་པར་བརྟེན། འོས་བསྡུའི་སྐབས་རྙིང་པ་རྣམས་རང་འཇགས་སྔོན་འགྲོའི་འོས་བསྡུའི་ནང་སླེབས་ཀྱི་ཡོད་པ་རེད་དོ། །