མི་ལྔ་བརྒྱ་རྐྱེན་ལམ་སོང་ཡོད་པ་ཤེས་རྟོགས་བྱུང་ཟེར།

ཟླ་འདིའི་ཚེས་༡༤ ཉིན་བྷི་བྷི་སིའི་གསར་འགོད་པས་ས་གནས་དེ་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་དང་དེའི་ཉེ་འགྲམ་གྱི་རྒྱལ་ཁབ་མང་པོའི་ནང་ད་ལོ་གངས་ཕོན་ཆེན་བབས་ནས་ཆུ་ལོག་མང་པོ་བྱུང་ཡོད་པ་དང། དེའི་ནང་ནས་བྷར་རྫིལ་རྒྱལ་ཁབ་ཀྱི་ལྷོ་ཤར་ཁུལ་དུ་རི་ཉིལ་བ་དང་ཆུ་ལོག་བརྒྱབ་པ། དེ་དང་མཉམ་དུ་འདམ་ཉོག་གིས་གྲོང་བརྡལ་ཁག་༣ ནང་ཁང་ཁྱིམ་སྟོང་ཕྲག་མང་པོ་གཏོར་བཤིག་བཏང་ཡོད་པས། ཡུལ་མི་༥༠༠ ཙམ་རྐྱེན་ལམ་དུ་སོང་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང།  བྷར་རྫིལ་གཞུང་གིས་ཨ་སྒོར་ས་ཡ་མང་པོ་བཏང་ནས། ཡུལ་མི་རྣམས་ལ་གནས་སྐབས་ཀྱི་ཁང་ཁྱིམ་བཟོ་སྐྲུན་དང་རྨས་སྐྱོན་ཕོག་པ་རྣམས་མྱུར་སྐྱོབ། དམིགས་སུ་བཀར་ནས་ཉེན་སྐྱོབ་རུ་ཁག་གིས་འཚོལ་ཞིབ་གང་གཟབ་བྱེད་དགོས་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ཉེ་དུས་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་མ་ཐག་པའི་ལྕམ་ཌིལ་མཱ་རཱོ་སི་ཧྤི་མཆོག  ཆེད་དུ་གནོད་འཚེ་ཕོག་ཡུལ་དུ་འབྱོར་ནས་མི་མང་ལ་སེམས་གསོ་བཏང་བ་དང། ཉེན་སྐྱོབ་རུ་ཁག་གི་ལས་མི་མང་དུ་གཏོང་རྒྱུ་ཡིན་སྐོར་སོགས་གསུངས་ཡོད་པ་རེད། འདམ་ཉོག་དང་གཙང་པོ་འདྲེས་མའི་ཆུ་ལོག་སྲང་ལམ་ཁག་གང་སར་ཁྱབ་ཡོད་པས། ཉིན་རེ་བཞིན་འདམ་ཉོག་མཐུག་ཏུ་སོང་ནས་སྣུམ་འཁོར་ཆུང་རིགས་རྣམས་འདམ་རྙོག་གི་འོག་ཏུ་ཐིམ་པ་དང། ཁང་ཁྱིམ་སྤུས་ཀ་ཞན་པ་རྣམས་རིམ་གྱིས་གས་འཐོར་དུ་སོང་ཡོད་པ་རེད། འདམ་རྙོག་མཐུག་དྲགས་པའི་རྐྱེན་གྱིས་ཕྲུ་གུ་དང་བུད་མེད་རྒན་འཁོགས་སོགས་བྲོས་བྱོལ་མ་ཐུབ་པར་རྐྱེན་ལམ་དུ་སོང་ཡོད་པ་རེད།

སྤྱིར་བྷར་རྫིལ་རྒྱལ་ཁབ་ནང་མི་མང་སྐྱོ་པོ་མང་པོ་ཡོད་པ་དང། དེ་ཡང་ཁང་ཁྱིམ་གྱི་བཟོ་སྐྲུན་ཞན་པ་དང་སྨན་དོད་སོགས་ཀྱི་མཐུན་རྐྱེན་མེད་པ་སོགས། ད་ལྟའི་སྐབས་རྐྱེན་ལམ་སོང་ཡོད་པ་མང་པོ་ཞིག་སྐྱོ་པོའི་རིགས་ཆགས་ཡོད་པ་རེད། དབུས་གཞུང་གིས། ས་གནས་གྱི་དཔོན་རིགས་ཚོས་ཡུལ་དེའི་མི་མང་ལ་ལྟ་རྟོགས་ཚུལ་མཐུན་བྱས་མེད་པ་དང། ལྷག་དོན་ཁང་ཁྱིམ་བཟོ་སྐྲུན་ཐད་ཧ་ཅང་གི་སྤུས་ཀ་ཞན་པོ་ཡིན་པས། ཆུ་ལོག་དང་འདམ་རྙོག་གིས་གཞི་རྒྱ་ཆེ་བའི་ཁང་ཁྱིམ་གཏོར་བཤིག་དང། མི་མང་ཕོན་ཆེན་རྐྱེན་ལམ་དུ་སོང་ཡོད་པ་དེ། གཙོ་བོ་ཁང་ཁྱིམ་གྱི་རྨང་གཞིའི་བཟོ་སྐྲུན་ལ་རག་ལས་ཡོད་པ་རེད་ཅེས་སྐྱོན་བརྗོད་བྱས་ཡོད་པ་རེད།།