ཡང་སྙིང་ངེད་ཚང་ལ་དེ་ཙམ་ལས་མེད་པ་རེད་དམ།
མང་གཙོ་ནི་རང་དབང་རེད་ལ། རང་དབང་ནི་བདེ་སྐྱིད་ཀྱི་འབྱུང་ཁུངས་ངོ་མ་རེད། ལོས་ཡིན་ང་ཚོ་སྟེ། བོད་པ་ཚང་ལའང་དེ་ལྟའི་ཤེས་འཇོན་ལྡན་པའི་སྣེ་ཁྲིད་པ་དགོས་ལ། མ་མཐའ་ཡང་རང་སྐད་ལྡབ་ལྡིབ་ཙམ་ལས་སྐད་ཡིག་གཙང་མ་མི་ཤེས་པ་ཞིག་གིས་ཡལ་ལ་ཉེ་བའི་མི་རིགས་འདིའི་སྣེ་ཁྲིད་ཡོང་ས་ཅི་ལ་ཡོད། ང་ཚོ་བཙན་བྱོལ་སྤྱི་ཚོགས་སུའང་ཤེས་འཇོན་ཅན་ཡོད་ལ། མང་གཙོའི་ལམ་བུ་རུ་བསྐྱོད་ནས་མི་ལོ་ལྔ་བཅུ་ལྷག་ཅིག་སོང་ཡང་ཟེར་གྱི་ཡོད། གང་ལྟར་ད་ལོ་ནི་བཙན་བྱོལ་སྤྱི་ཚོགས་ལའང་བཀའ་ཁྲི་དང༌། ཆོལ་ཁའི་སྤྱི་འཐུས། ཆོས་བརྒྱུད་སྤྱི་འཐུས་བཅས་ལས་གནས་རྣམས་བརྗེ་བསྐོའི་དུས་ཚོད་ཅིག་ལ་བབས་ཡོད་པ་རེད། སྤྱིར་ཤེས་ཡོན། འཇོན་ནུས། ལྷག་བསམ་སོགས་ཡོད་མེད་ལ་མ་ལྟོས་པར་མི་ཚང་དང༌། དཔལ་འབྱོར། ཐོབ་དང་གོ་ས། དབང་ཚད། མི་ཤུགས་མཐོ་བའི་སྐུ་ངོ་དང་མི་དྲག་ཆེ་གེ་མོ་ཞིག་གི་རྒྱུད་པ་ཡིན་ན། ཡོད་ཚད་ཀྱི་ཤེས་ཡོན་འཛོམས་པའི་ཐོབ་དབང་གོ་གནས་ཁོ་ཚོར་འབུལ་ཞིང་ཁོ་ཚོས་འཁྱེར་འགྲོ་ལ། ཉམ་ཆུང། དྲང་བདེན། འབྱོར་མེད། འཁོས་ཞན་གྱི་རིགས་ལ་ཤེས་བྱ་ཅི་ཙམ་ལྡན་ཡང་དེ་ཙམ་གྱིས་འབུར་འཇོམས་ལས། ལས་གནས་ཐོབ་དབང་གང་ཡང་མི་རག་པ་ནི་རིང་མོ་ནས་ང་ཚོའི་སྤྱི་ཚོགས་འདིར་ཁྱབ་ཡོད་ཅིང༌། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་པའི་དམངས་ཁྲོད་ཀྱི་གཏམ་དཔེ་ཆུང་ཆུང་དེ་ཡང་ང་ཚོའི་སྤྱི་ཚོགས་དང་བར་ཐག་ཧ་ཅང་རིང་སོང།
ཆོས་བརྒྱུད་སྤྱི་འཐུས་ཀྱིས་ཆོས་ཀྱང་ཤེས་དགོས་ལ། སྤྱིར་སྤྱི་འཐུས་ཀྱིས་ཆབ་སྲིད་ཤེས་དགོས། ང་ཚོ་ཁ་བ་རི་པའི་ཆོས་བརྒྱུད་ལྔའི་སྤྱི་འཐུས་སུ་ཡིན་ཡང་ནང་དོན་རིག་པ་ཤེས་དགོས་པ་མ་ཟད། ཆོས་བརྒྱུད་སོ་སོའི་ཐུན་མིན་གྱི་ལྟ་གྲུབ་དེ་ངེས་པར་ཤེས་མཁན་ཞིག་དགོས། སྐྱ་བོ་ཡིན་ན་ཆོས་མི་ཤེས་པའི་ངེས་པ་མེད་ཀྱང་ནང་དོན་རིག་པ་ལ་སློབ་སྦྱོང་བྱེད་མཁན་ནི་ཕལ་ཆེ་བ་སེར་མོ་བ་ཡིན་པར་བརྟེན། ནང་རིག་གི་ཆུ་ཚད་ནི་སྐྱ་སེར་གཉིས་ལས་སེར་མོ་བ་ངེས་པར་མཐོ་བ་རེད། དེས་ན་ཆོས་བརྒྱུད་སྤྱི་འཐུས་སུ་གྲྭ་པའི་རིགས་མཛེས་ལ། ཆོལ་ཁའི་སྤྱི་འཐུས་ལ་སྐྱ་བོ་མཛེས།
ངེད་ཚང་སྟེ། རྙིང་མ་པས་ནི་མི་རིགས་ཀྱི་རིག་གནས་དང་རྙིང་མའི་ཕ་ཆོས་ཐུན་མིན་ལྟ་གྲུབ་གཙང་མ་ཤེས་པ་ཕར་ཞོག བོད་སྐད་ཀྱང་འཁྱོངས་ལ་མི་འཁྱོངས་པའི་དཔོན་རྒྱུད་ཙམ་ཞིག་སྔར་ཡང་བདམས་སོང་ལ། ད་རེས་ཀྱང་འདེམ་བཞིན་འདུག བསམ་གྱིན་བསམ་གྱིན་རྒྱུ་མཚན་འདི་དག་གི་གསེང་ནས་ད་དུང་ངེད་ཚང་ལ་མང་གཙོའི་རང་དབང་ཐོབ་མེད་པ་མཐོང་ཐུབ། རྒྱུ་མཚན་ནི་འདི་དག་ང་ཚོ་མང་ཚོགས་ཀྱི་མོས་ཕྱོགས་ཤིག་མ་ཡིན་ལ། མི་བུ་དེ་ལྟ་བུ་ལས་ངེད་ཚང་ལ་མེད་པ་མ་ཡིན་ལ། དེ་ལས་འོས་པའི་ཆེས་མང་པོ་ཡོད། ཚད་གཅིག་གི་སྟེང་ནས་བཤད་ན། བྱ་གཞག་འདི་དག་ནི་དགོན་པ་སྤྱི་གཞུང་གི་གཏན་འབེབས་ཤིག་དང་མང་ཚོགས་ཀྱི་མོས་མཐུན་ཞིག་མིན་པར། གོང་བཞུགས་ཀྱི་ལས་སྣེ་ཆེ་གེ་མོ་རེ་ཟུང་གིས་མང་ཚོགས་ཀྱི་ཁེ་དབང་རྡོག་རོལ་གཏོང་བ་དང་སྤྱི་གཞུང་གི་མིང་བྱང་ཁྱེར་ཏེ་སྐབས་ཐོབ་ཀྱི་དབང་ཆ་བེད་སྤྱད་པ་ཁོ་ན་རེད་ལ། དེ་ཡང་བཙན་དབང་སྒེར་གཅོད་པའི་རིང་ལུགས་བསྐྱངས་ནས་ཕྱོགས་ཞེན་དང་ལྐོག་རྔན་གྱིས་འཕག་ཚག་བརྒྱབ་པ་ལྟ་བུ་ལས་སྤྱི་སེམས་དང་ལ་རྒྱ་ཆེ་དྲགས་པས་ནི་དེ་ལྟར་ག་ལ་ཡིན་འོས། སྐད་ཆ་འདི་དག་ནི་འདས་པའི་ལོ་རྒྱུས་དང་། ད་ལོའི་སྔོན་འགྲོའི་འོས་བསྡུའི་སྐབས་ཀྱི་བྱེད་སྟངས་དང་གྲུབ་འབྲས་དེ་དག་གིས་དཔང་པོར་བྱས་ཡོད། ངས་འདི་ནས་ཐུང་ཐུང་འདི་བཤད་པས་ད་རེས་ངེད་ཚང་ལ་སྔར་གྱི་དེ་ག་ཙམ་ལས་ལྷག་བསམ་དང་ཤེས་རིག་གིས་ཕྱུག་ཅིང་འོས་འཚམ་ཅན་གྱི་མི་བུ་དེ་དག་ངེད་ཚང་གི་སྤྱི་འཐུས་ལ་དབང་བའི་སྐལ་བ་ཧ་ཅང་གིས་ཕྲ་བ་མཐོང་མོད། མི་ལོ་ལྔ་བཅུའི་རྗེས་ཀྱི་བཙན་བྱོལ་སྤྱི་ཚོགས་ནང་གི་གནས་སྟངས་རུལ་པ་འདིའི་རིགས་བོད་མིའི་སྤྱི་ཚོགས་སུ་ཕྱི་གསལ་ནང་གསལ་ཞིག་ཡོང་བའི་རེ་བས་ཡིན། ཡང་སྙིང་ངེད་ཚང་ལ་དེ་ཙམ་ལས་མེད་པ་རེད་དམ། དྲི་བ་འདིས་གཞན་ངོ་ལ་ཁྲེལ་མེད་བྱས་ཀྱང་རང་ཉིད་ཀྱི་ངོ་གདོང་ལ་སྲན་མི་ཐུབ་པའི་ཚ་དྲོད་ཅིག་འབར་བཅུག་གི་ཡོད།།